ཁྲི་ཀ་འཕྲང་དམར་ཡུལ་གྱི་ས་མིང་གསེད་བཀྲོལ།

ཞེས་པ་བོད་སྐད་ཡིན་པ་དང་དེ་ལྟར་བརྗོད་པའི་སྒྲ་བཤད་ནི་གཅན་ཚའི་ཐང་གི་ཐང་རྔ་དང་རི་གཉན་པོ་ཨ་མྱེས་སེ་བོན་དུ་འབོད་པའི་ཟུར་ལོགས་ན་ལུང་བ་འཕྲང་དམར་པོ་ཞིག་ཡོད་པ་དེར་འཕྲང་དམར་རམ་འཕྲང་དམར་འགྱིག་ཏུ་སྔོན་ཆད་འབོད་པ་རིམ་གྱིས་སའི་ཆ་ཤས་ཡུལ་སྤྱི་ལ་ཐོགས་ཏེ། སྟོད་ཀྱི་ས་སྒ་ཉག་ག་ནས་བྱུང་བའི་ལྟེང་ཀའི་ཆུ་ཕྲན་གཙན་ཚའི་ཐང་སྟོད་སྨད་བརྒྱུད་མཐར་རང་འཐག་སྐེའམ་ཁུ་ཡུག་རྟིང་བ་རུ་འབོད་པའི་ས་ནས་བརྡོལ་བའི་ཆུ་མིག་མང་པོ་དང་ལྷན་དུ་བསྡེབས་པ། རིམ་གྱིས་ཆུ་རྒྱུན་ཇེ་ཆེར་སོང་ནས་འཕྲང་དམར་འགྱིག་གི་ཆུ་ཟེར་ཞིང་། ཆུ་དེའི་འབབ་རྒྱུན་གཙོར་བསྟེན་ནས་ཆགས་པའི་ཡུལ་དག་ལ་འཕྲང་དམར་ས་ཆར་འབོད་ལ། ཡུལ་འདིའི་རྒན་པ་རྣམས་ཀྱིས་ཡུལ་ཁོངས་ངོས་འཛིན་ལྟར་ན། འཕྲང་དམར་འགྱིག་གི་མན་ཆད་ནས་རྡོ་ཐུག་སྣ་ཁའི་ཡན་ཆད་ས་རྣམས་ནི་འཕྲང་དམར་གྱི་རྩ་བའི་ཡུལ་ཁོངས་སུ་གཏོགས་པར་ བཤད་དོ།། འཕྲང་དམར་ས་ཆར་གྲོང་སྡེ་ཧ་ཅང་རྒྱས་པའི་དུས་སུ་འཕྲང་དམར་ཚོ་བཅུ་གཉིས་ཞེས་སྡེ་བ་ཆེན་པོ་བཅུ་གཉིས་ཀྱི་བདག་ཉིད་དུ་གྱེས་འཕེལ་བྱུང་བ་གསལ་ཞིང་། འཕྲང་དམར་ཚོ་བཅུ་གཉིས་པོ་ནི་འཕྲང་དམར་ཡུལ་གྱི་ས་འཛིན་དང་གདོད་མའི་གྲོང་སྡེ་ཁོ་ནའོ།། བཅིངས་འགྲོལ་བཏང་རྗེས། ར་ནག་སྡེ་བ་ལྔའི་འབྲོག་སྡེ་རྣམས་ལ་རེ་ཞིག་འཕྲང་དམར་དུ་བོས་ཤིང་། སྔོན་གྱི་འཕྲང་དམར་ཚོ་བཅུ་གཉིས་པོ་ཤར་ལུང་ཤང་ཁོངས་སུ་ཡུལ་བཅད་དེ་དེའི་སྲིད་འཛིན་ས་ཁུལ་དུ་གཏོགས་པར་བྱས། སྤྱི་ལོ་ཉིས་སྟོང་བདུན་གྱི་ལོ་མགོ་ནས་བཟུང་། འཕྲང་དམར་ཤང་དང་ཤར་ལུང་ཤང་གཉིས་མཉམ་བསྲེས་བྱས་ཏེ་འཕྲང་དམར་གྲོང་རྡལ་ཞེས་གསར་དུ་མིང་བཏགས་འདུག་པས། ད་ལྟའི་འཕྲང་དམར་ས་ཆ་ཞེས་པ་ནི་རྡོ་ཐུག་སྣ་ཁའི་ཡན་ཆད་ནས་འཕྲང་དམར་ཚོ་བ་བཅུ་གཉིས་པོ་དང་། སྲིན་པོ་རྫ་རིའི་འདབ་རོལ་ནས་བྲག་དཀར་སྤུན་གསུམ་གྱི་ཚུལ་རོལ་ན་ཆགས་པའི་ར་ནག་སྡེ་བ་ལྔས་གཙོ་བྱས་པའི་སྣོད་བཅུད་ ཐམས་ཅད་ལ་གོ་དགོས་སོ།།

ཨ་མྱེས་སེ་བོ།

     རི་འདི་ད་ལྟའི་དམེ་ཀྱྰ་སྡེ་བའི་ཤར་ལྷོའི་མཚམས་ནས་ཨ་མྱེས་སེ་བོར་འབོད་པའི་རི་རྒྱུད་ཆེན་པོ་ཞིག་ཡོད་པ་དེ་ལ་བྱ་ཞིང་། འདིའི་སེ་བོ་ཞེས་པ་རི་དེའི་གནས་བདག་གི་མིང་ཡིན་ཏེ། དེ་ཡང་ཐིས་བ་སྐུ་ཕྲེང་བཞི་བ་རྗེ་བཙུན་བློ་བཟང་བསྟན་པའི་རྒྱལ་མཚན་མཆོག་ཉིད་ཙ་རིར་གནས་སྐོར་ལ་ཕེབས་ལམ། དེར་སེ་བོ་ཞེས་བྱ་བའི་བོན་གྱི་གཞི་བདག་ཅིག་ཡོད་པ་གར་ཕེབས་ཕྱི་བཞིན་འབྲངས་བྱུང་བ་སྐུ་རྗེས་སུ་ཁྲིད་དུ་ད་ལྟ་སེ་བོའི་སྒང་དུ་ གྲགས་པ་དེར་བསྟིམས་ནས་ལབ་ཙེ་བརྩིགས་ཤིང་དཀར་ཕྱོགས་སྐྱོང་བའི་གཞི་བདག་ཏུ་བསྐོས་པ་དང་། དུས་ཕྱིས་ལོ་ལྟར་ཆུ་སྟོད་ཟླ་བའི་ཉ་ལ་ཐིས་བ་སྒར་བས་གཙོས་པའི་རོང་འབྲོག་བར་གསུམ་ན་སྡོད་པའི་ཐིས་བ་ཚོ་བ་རྣམས་རི་དེར་སོང་སྟེ་ལབ་ཙེ་བསྟོད་པའི་སྲོལ་བཙུགས་པས་རི་བོའི་མོང་ལ་སེ་བོན་དུ་ཐོགས་པ། རིམ་གྱིས་ཟུར་ཆགས་ནས་ཨ་མྱེས་སེ་བོར་འབོད་པར་བྱེད་དོ།།

སྟག་རིག

    སྡེ་འདི་ཐོག་མར་ཆགས་དུས། རི་བྱད་ལེགས་པ་རྒྱ་སྟག་དམར་པོ་འཕྲེད་དུ་ཉལ་བ་ལྟ་བུའི་རྒྱབ་རིའི་ཕང་བར། ཁྱིམ་ལ་སྔ་བ་སྟག་རིག་སྟག་དམར་ཚང་བྱ་བ་བྱུང་བས། ཚོ་བའི་མིང་ས་ལ་ཐོགས་པའམ་རིའི་མིང་སྡེ་ལ་བཏགས་པས་གནའ་ནས་སྟག་རིའམ་སྟག་རིག་ཏུ་འབོད་ཅིང་། སུམ་པའི་ཆོས་འབྱུང་སོགས་སུ་རྟག་རགས་ཞེས་པ་ནི་མ་དག་ལ། ཕྱིས་སུ་རི་ཁྱིམ་ཀླུང་དུ་ཕབ་སྟེ་རྒྱ་རོལ་ཆུ་བོའི་ཚུར་རོལ་དུ་ཁྱིམ་གཞིས་གསར་དུ་བཏབ་པ་རིམ་གྱིས་ཇེ་རྒྱས་སུ་ཕྱིན་པ་ལས་མཐའ་ མགོ་མ་དང་ཆུ་བོའི་ཕ་རོལ་དུ་སྡེ་གཞིས་ཆགས་པ་ལ་ཐང་མཐའ་མ་ཟེར་ཞིང་། དེ་ལའང་ཡ་མགོ་མ་དང་མ་མགོ་མའི་ཤོག་ཁ་གཉིས་ཡོད་ལ། ཧ་ཅང་དར་བའི་དུས་སུ་སྟག་རིག་ཤོག་ཁ་བཞི་དང་། སྤྱི་སྡེ་དྲུག་གི་འཕེལ་རྒྱས་རྣམ་པ་བྱུང་ཡོད་དོ།།

ཀརྨ་བུ་ཁྲི།

     ས་འདི་སེར་གཏོའི་ལུང་བའི་མདའ་དང་། དཀར་འཇམ་རི་བོའི་གཡས་འདབས་ཀྱི་འཕྲང་དམར་ཤང་དུ་འགྲོ་བའི་དཀྱོགས་མཚམས་སུ་སྤང་ལྗོངས་ཆུང་ཆུང་ཞིག་ཡོད་པ་དེར་ ཟེར་ཞིང་། སྤྱིར་རྗེ་ཀརྨ་པའི་ཁྲི་ཞེས་པའི་དོན་ཏེ། དེ་ཡང་ཀརྨ་བཀའ་བརྒྱུད་པའི་གདུང་འཚོབ་ཆེན་པོ་རྗེ་ཀརྨ་རོལ་བའི་རྡོ་རྗེ་འཁོར་དང་བཅས་པ་རྒྱ་ནག་གོང་མའི་ཕོ་བྲང་དུ་ཕེབས་   སྐབས་ཡུལ་ཕྱོགས་འདི་བརྒྱུད་དེ་འགྲོ་བའི་ཚེ། ཡུལ་འདིའི་ཆོས་དད་མང་ཚོགས་ཀྱིས་གནས་དེར་བཞུགས་ཁྲི་བརྩིགས་ཤིང་བཀའ་ཆོས་གསུངས་བཅུག་པས་ན་མིང་དེ་ལྟར་ བཏགས་པ་ཕྱིས་སྒྲ་ཟུར་ཆགས་པས་ཀརྨ་བུ་ཁྲིར་ཐོགས་ཤིང་། བཞུགས་ཁྲིའི་ཤུལ་རྙིང་ད་ལྟ་ད་དུང་མཇལ་དུ་ཡོད་དོ།།

ཀོར་ལེ།

   ད་ལྟའི་འཕྲང་དམར་ཤང་སྲིད་གཞུང་ཆགས་ས་མུ་ཁྲེང་སྡེ་བར་འབོད་པའི་ས་དེར་སྔོན་ཆད་ཀོར་ལེའམ་རྩྭ་སོ་ཞེས་འབོད་དེ། དེའི་རྒྱུ་མཚན་ནི་སྔོན་གནས་དེ་ནི་མི་མེད་ལུང་སྟོང་ཡིན་པ་ལ། སྟག་རིག་གི་རྩྭ་སོ་འདུག་པར་བྱེད་དེ། སྟོན་དུས་སུ་ཕོ་རྣམས་ཀྱིས་ཀོར་ལེ་ནས་བ་ཁ་འཛིན་ཞིང་རས་དཀར་ནག་ཕུབ་སྟེ་འདུག་ལ། མོ་རྣམས་ཀྱིས་བ་ལུང་སྐྱེ་ལུང་དང་ཀོ་ཚང་ཕྱི་ནང་སོགས་ནས་རྩྭ་འཐུ་བ་ཡིན། དེ་ཡང་ཕོ་རྣམས་ཀྱིས་སོ་བ་མེལ་ཚེ་བྱེད་པའི་ཆ་ནས་ཡུལ་དེར་རྩྭ་སོ་ཞེས་ཐོགས་པ་ཡིན་པར་གྲགས། བཅིངས་བཀྲོལ་གྱི་རྗེས་སུ་ཤང་སྲིད་གཞུང་གནས་དེར་བཙུགས་ནས་འཕྲང་དམར་དུ་མིང་བཏགས་ཤིང་། རྒྱ་སྡེ་རུ་མི་རེ་འགའ་ཡོང་ནས་སྲིད་གཞུང་གི་ཕྱུགས་རྫི་དང་རྩྭ་ར་བདག་བྱས་པས་མུ་ཁྲང་ཞེས་པ་རྒྱ་སྐད་དེ། “牧场”ཞེས་པའི་སྒྲ་བསྒྱུར་བའོ།།

བེ་རའི་ཞིང་ཁ།

    ད་ལྟའི་མུ་ཁྲང་སྡེ་བའི་འདབས་དང་། ཀུན་བཟང་སྒར་ཁའི་གཡས་ཕྱོགས་ཀྱི་བར་ས་དེ་ལ་བེར་རའི་ཞིང་ཁ་ཟེར་ཞིང་། སྟག་རིག་ཐིས་བ་དགོན་གྱི་ཀུན་བཟང་བླ་མ་སྐུ་ཕྲེང་སྔ་མས་གནས་དེར་སྒར་བརྒྱབ་སྟེ་གནས་བཞིས་ཆགས་པས་ན་ཀུན་བཟང་སྒར་ཁ་ཞེས་ཐོགས་ཤིང་གནས་ཤུལ་ད་ལྟའང་མཇལ་དུ་ཡོད་པ་དེ་ལྟར་ལགས་ཤིང་། ཕྱིས་སུ་སྟག་རིག་བེ་རུ་ཚང་བྱ་བས་བར་ས་དེ་དག་བཟུང་ནས་ཞིང་རྨོ་སློག་རྒྱག་བྱས་ཏེ་ཁྱིམ་གཞིས་ཆགས་པས་ན་བེ་རའི་ཞིང་ཁ་ ཞེས་འབོད་ལ། བེར་རུའི་རྡོ་རིལ་དུ་གྲགས་པ་ཞིག་ཀྱང་ད་ལྟའི་བར་དེར་མཐོང་རྒྱུ་ཡོད་དོ།། ཞིབ་ཏུ་ནི་《མཚོ་ལྷོའི་ཆོས་ལུགས་ལོ་རྒྱུས》ལས་ཐིས་བ་དགོན་པའི་གདན་རབས་སུ་གསལ་ལོ།།

ཨ་སྐོང་།

   སྡེ་འདིའི་ས་འཛིན་གྱི་ཐོག་མ་ལ་ཨ་སྐོང་ཚང་བྱ་བ་བྱུང་བ། རིམ་གྱིས་འཕེལ་བས་ཨ་སྐོང་སྒྱོམ་ཚང་དང་ཨ་སྐོང་བེ་ཧུ་ཚང་སོགས་ནང་གསེས་འགའ་རེར་གྱེས་ཤིང་། ཁྱིམ་མིང་སྡེ་ལ་ཐོགས་པས་ཨ་སྐོང་སྡེ་བར་གྲགས་སོ།།

ཁྱོ་རྒྱ།

   ཁྲོ་རྒྱལ་ཞེས་པའི་སྒྲ་ཟུར་ཆགས་ནས་ཁྱོ་རྒྱལ་བོས་སམ་སྙམ་ཞིང་། དེ་ཡང་སྡེ་འདིའི་ཁྱིམ་གྱི་ཐོག་མ་ལ་ཁྱོ་རྒྱ་ཚང་བྱ་བ་བྱུང་བ། ཕྱིས་ཁྱིམ་མིང་སྡེ་ལ་ཐོགས་ཏེ་ད་ལྟ་ཁྱོ་རྒྱ་སྡེ་བར་གྲགས་སོ།།

Contents

About

Collection Modern Writing from Qinghai Province
Visibility Public - accessible to all site users (default)
Author Tamdrin Gyel
Year published 2018
Subjects
Places
Rights All copyrights held by the original author(s). Published by the University of Virginia Tibetan and Himalayan Library
Creative Commons Licence