འཛམ་གླིང་ལོ་ལོན་ཅན་དང་བོད་ཀྱི་རྒན་བཀུར་གྱི་ལུགས་སྲོལ་བཟང་པོ།

      བོད་ནི་འཛམ་གླིང་དུ་ཕ་མ་རྒན་རབས་དང་དགེ་རྒན་ལ་བརྩི་བཀུར་ཤིན་ཏུ་ཆེ་བའི་ཡུལ་ཞིག་ལ་བརྩི་གི་ཡོད། རྒན་རབས་བཀུར་ནས་ཐུགས་མཉེས་པར་བྱེད་པ་ནི་བོད་ཀྱི་མི་ཆོས་ཀྱི་རྩ་བ་དང་ཁྱད་ཆོས་ཡིན། འཇིག་རྟེན་འདིར་ཟང་ཟིང་གི་དངོས་པོས་རྒན་རབས་ལ་འཚོ་རྟེན་མཐུན་རྐྱེན་སྦྱོར་བ་སྤྱི་ཆོས་ཡིན་མོད། དྲག་ཞན་དང་ཉེ་རིང་ལ་ལྟོས་པ་མེད་པར་རྒན་རབས་ཀུན་ལ་མཐའ་གཅིག་ཏུ་གོང་བཀུར་ཚད་མེད་ཞུ་བ་ནི་ཕལ་ཆེར་རང་རེའི་རི་བོ་གངས་ཅན་ པའི་ལུགས་སྲོལ་རྨ་མེད་པ་ཡིན་འདུག

    ཡིན་ན་ཡང་། ཡུལ་དུས་ཀྱི་འགྱུར་བའི་དབང་གིས། བོད་ཀྱི་རྒན་བཀུར་གྱི་དཔེ་སྲོལ་བཟང་པོ་ཡང་སྔར་གྱི་ཡ་རབས་ཀྱི་སོ་ན་མེད་པར་འགྱུར་བཞིན་པ་མཐོང་ནས། ཨ་མདོ་ཁྲི་ཀའི་ཡུལ་གྱི་སྟག་རིག་སྡེ་བའི་ལྷག་བསམ་དཀར་ཞིང་མཁྱེན་དཔྱོད་ཡངས་པའི་ཤེས་ལྡན་དུ་མས་གྲོས་མགོ་བཏོན་པ་དང་འབྲེལ། ཁྲི་ཀ་སྟག་རིག་སྡེ་བར་རྒན་བཀུར་གྱི་ལས་འགུལ་སྤེལ་ནས་མི་ལོ་བཅུ་ཙམ་འགོར་ཞིང་། ད་ལྟ་རོང་འབྲོག་གྲོང་གསུམ་དང་སྐྱ་སེར་ཀུན་གྱིས་དེའི་དགེ་མཚན་ཆེར་མཐོང་བར་མ་ཟད། ལས་འགུལ་འདི་སྔར་བས་ཚགས་དམ་དང་གཞི་རྒྱ་ཆེ་རུ་འགྲོ་བཞིན་པ་རྗེས་སུ་ཡི་རང་བྱ་བའི་གནས་ཡིན་པས། རྩོམ་བསྐུལ་ལྟར་འདིར་སྤྱི་ཚོགས་རིག་པའི་མཐོང་ལམ་ནས་དེའི་སྐོར་ས་བཅད་མ་སྟོང་ཙམ་ཞིག་འགོད་པ་ལ།

དེང་རབས་སྤྱི་ཚོགས་སུ། གཅིག་ནས་སྨན་དང་འཕྲོད་བསྟེན་སྔར་བས་བརྒྱ་འགྱུར་གྱིས་བཟང་བར་བརྟེན། རྒས་པ་འཆི་མེད་ཀྱི་ལོ་ལོན་གྱི་མི་གྲངས་ལོ་རེ་རེར་མང་དུ་འཕར་བཞིན་པ་དང་། རྒན་པའི་ཚེ་ཚད་ནི་བོད་པ་རྣམས་ཀྱི་ཁ་གཡང་“ཚེ་རིང་ལོ་བརྒྱ”ཟེར་བར་ཐོན་བཞིན་པའི་ཚོད་རེད། གཉིས་ནས་བྱིས་པའི་སྐྱེ་གྲངས་ཅུང་ཉུང་དུ་ཕྱིན་པ་ཀྲུང་གོའི་འཆར་ལྡན་བུ་སྐྱེས་སོགས་ཀྱི་དབང་གིས། ཚོད་དཔག་ལྟར་ན། སྤྱི་ལོ་༢༠༥༠ནང་ལ་འཇིག་རྟེན་དུ་གཞོན་མགོ་ནག་དང་རྒན་མགོ་དཀར་གྱི་གྲངས་ཀ་འདྲ་མཉམ་དུ་སླེབས་ཚོད་སྐད།

      ལྷག་པར་དུ། དེང་རབས་སྤྱི་ཚོགས་སུ། ལོ་ལོན་རྒན་རབས་ཀྱི་ཐོབ་ཐང་ལ་ལོ་རྒྱུས་ཐོག་བྱུང་མྱོང་མེད་པའི་འགྱུར་ལྡོག་གསར་བ་བྱུང་དང་འབྱུང་བཞིན་པ་རེད། བཟོ་ལས་སྤྱི་ཚོགས་སུ་དངོས་པོའི་མཁོ་སྒྲུབ་རིག་སྟོབས་གསར་བ་དང་འཕྲུལ་ཆས་ཀྱི་བཀོལ་རྩལ་ལ་བརྟེན་ནས་བྱུང་བ་ལས། སྤྱི་ཚོགས་རྙིང་བ་ལྟར། ལོ་ལོན་རྒན་རབས་ཀྱི་ཉམས་མྱོང་དང་ཤེས་རབ་ལས་བྱུང་བ་མ་རེད། ད་ལྟ་སྤྱི་ཚོགས་དང་ལག་རྩལ་དར་རྒྱས་ཀྱི་དབང་གིས། འཛམ་གླིང་ཤར་ནུབ་ཀྱི་ཡུལ་ལུང་མང་པོར་རྒན་རབས་རྣམས་ཤེས་རབ་རྒན་པོ་དང་ཉམས་མྱོང་འབེལ་གཏམ་གྱི་གོ་ས་ལས་ལྷུང་ནས། རྒས་འཁོགས་དང་བླུན་པོ། ཁེར་ལུས། ནད་པ་དང་ཁུར་པོ་ལྟ་བུར་གྱུར་འདུག ལྷག་པར་དུ་དར་རྒྱས་ཆེ་བའི་རྒྱལ་ཁབ་དང་གྲོང་ཁྱེར་གྱི་སྤྱི་ཚོགས་དུ་མར་ལུས་སྟོབས་ཟད་ཅིང་རིག་སྟོབས་ཉམས་པའི་རྒན་རབས་རྣམས་ བདག་པོ་མེད་པའི་ཁྱི་རྒན་དང་། མི་ལྷག་གད་སྙིགས་ལྟ་བུར་བརྩི་བའང་མང་དུ་བྱུང་ཞིང་། འཛམ་གླིང་ག་ས་གང་དུ་རྒན་རབས་ལ་ཁྱིམ་ཚང་དང་རྒན་གསོ་ཁང་གཉིས་ཆ་ནས་སྣང་མེད་དང་མནར་སྡུག་བྱས་པ་ཚབས་ཆེན་དུ་གྱུར་བར་ བཤད། དེར་བརྟེན། མཉམ་འབྲེལ་རྒྱལ་ཚོགས་དང་བཅས་རྒྱལ་ཁབ་མང་པོས་རྒན་རབས་ཀྱི་སྤྱི་ཚོགས་བདེ་དོན་ལ་ལམ་ལུགས་དང་སྲིད་ཇུས་གང་འོས་ནས་ གཙིགས་ཆེན་བྱེད་བཞིན་ནོ།།

   སྤྱི་ཚོགས་རིག་པའི་གཞུང་ནས་བཤད་ན། ད་ལྟ་འཛམ་གླིང་ཐོག་ལོ་ལོན་རྒན་རབས་ཟེར་བ་དེ་ལོ་ན་༦༥ཡན་ཆད་གོ་བ་དང་། དེ་ཡང་ལོ་༦༥ནས་༧༤ལ་རྒན་གཞོན་དང་། ལོ་༧༥ནས་༨༤ལ་རྒན་འབྲིང་དང་། ༨༥ཡན་ལ་རྒན་རྒན་ཟེར། འཛམ་གླིང་ཐོག་རྒན་བཀུར་གྱི་དམིགས་བསལ་དུས་ཆེན་དང་གུང་གསེང་མེད་པའི་རྒྱལ་ཁབ་ཕལ་ཆེར་མེད་པ་དང་། མི་རིགས་མང་པོའི་ཡུལ་སྲོལ་དུའང་རྒན་བཀུར་གྱི་མཛད་སྒོ་དམིགས་བསལ་བ་ཡོད་དེ། ང་ཚོའི་བོད་ཀྱི་བརྒྱད་ཅུའི་གྱ་སྟོན་ཡང་རྒན་བཀུར་གྱི་མི་ཚེ་མཛད་སྒོའམ་ཆོ་ག་བཟང་ཤོས་ཤིག་རེད།

     ༡༩༩༡ལོ་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ལོ་རེའི་སྤྱི་ཟླ་༡༠ཚེས་༡རྒན་པའི་དུས་ཆེན་ནམ་རྒན་བཀུར་ཉི་མར་གཏན་འཁེལ་བྱས་ཤིང་། ཀྲུང་གོས་༡༩༨༩ལོར་སྲོལ་རྒྱུན་གྱི་ཟླ་དགུ་བའི་ཚེས་དགུའི་དུས་ཆེན་དེ་རྒན་བཀུར་དུས་ཆེན་དུ་གཏན་འཁེལ་བྱས། གཞན་རྒྱལ་ཁང་མང་ཆེ་བས་སོ་སོའི་སྲོལ་རྒྱུན་རྒན་བཀུར་རིག་གཞུང་གི་རྒྱུན་བསྐྱངས་ཏེ། སྔ་ཕྱིར་བཅས་ཁྲིམས་སུ་རྒན་པའི་དུས་ཆེན་ནམ་རྒན་བཀུར་ཉི་མ་གཏན་འཁེལ་བྱས་ནས། རྒན་རབས་ཀྱི་ཚེ་སྨད་ལ་དོ་ཁུར་དང་བཀུར་བཟོ་ཆེར་བྱས་ཏེ། མི་ལུས་རྒས་ཀྱང་ལ་རྒྱ་དང་གཟི་བརྗིད་མི་ཤོར་བ་ཞིག་ཡོང་ཐབས་ལ་དཔལ་འབྱོར་མཐུན་རྐྱེན་དང་སྤྱི་ཚོགས་ལམ་ལུགས་ཀྱི་ཆ་ནས་འབད་ ཀྱིན་ཡོད། དེ་བཞིན་སྤྱི་ཚོགས་ཚན་རིག་དང་གསོ་རིག་ཞིབ་འཇུག་གི་ཁོངས་སུའང་ལོ་ལོན་རིག་པ་ཞེས་པ་གསར་དུ་བྱུང་ནས་སྤྱི་ཚོགས་སྨྲ་བ་དག་གི་ དཔྱད་བཞིར་གྱུར་བར་སྣང་།

     དེང་སང་འཛམ་གླིང་དུ་རྒན་བཀུར་གྱི་རྒྱལ་ཁབ་ཡག་ཤོས་སུ་ཁོ་རེ་ཡ་བརྩི་ཚོད་རེད། དེའི་རྒྱུ་མཚན་བཤད་ན། གཅིག་ནས་ཁོ་རེ་ཡ་རྒྱལ་ཁབ་ནི་འཛམ་གླིང་ཤར་ནུབ་གཉིས་ལས་ཤར་ཕྱོགས་ཀྱི་རིག་གནས་ཡིན་པ་ལ། ལོ་རྒྱུས་ཐོག་རྒན་བཀུར་གྱི་ཡ་རབས་ལུགས་སྲོལ་བཟང་པོ་ལྡན། གཉིས་ནས་ཁོ་རེ་ཡ་རྒྱལ་ཁབ་ནི་དཔལ་འབྱོར་དང་ཚན་རིག་ལག་རྩལ་ཤིན་ཏུ་དར་བའི་དེང་རབས་བཟོ་ལས་ཅན་གྱི་སྤྱི་ཚོགས་སུ་གྱུར་ན་ཡང་། ཁོ་རང་ཚོའི་སྲོལ་རྒྱུན་གྱི་རྒན་བཀུར་གྱི་ཡ་རབས་ལུགས་སྲོལ་དེ་དག་མ་ཉམས་རྒྱུད་འཛིན་ཐུབ་ནས། རྒན་བཀུར་མི་བྱ་བའི་བྱ་སྤྱོད་ནི་སྤྱི་ཚོགས་ཐོག་ངོ་ཚ་དང་ཁྲེལ་མེད་ཀྱི་ལས་སུ་བརྩིས་ནས་བཀག་འགོག་མཐའ་གཅིག་ཏུ་བྱེད་པ་རེད། གསུམ་ནས་དེང་རབས་དཔལ་དཔལ་འབྱོར་དང་ཚན་རིག་གི་མཐུན་རྐྱེན་བཟང་པོ་ལྡན་པ་དང་འབྲེལ་ནས། སྲིད་གཞུང་དང་སྤྱི་ཚོགས་བཅས་གཞུང་སྒེར་གཉིས་ནས་རྒན་རབས་ཀྱི་འཚོ་བ་དང་། བདེ་ཐང་འཕྲོད་བསྟེན་སོགས་གང་ཅིར་དམིགས་བསལ་མཐུན་རྐྱེན་སྒྲུབ་ནས། རྒན་རབས་ཀྱི་ཚེ་སྨད་ལ་ལུས་པོ་བདེ་ཐང་ཚེ་རིང་ནད་མེད་དང་སེམས་པ་སྐྱིད་པོ་བཟའ་མི་ལྷན་འདུག་གི་དགའ་སྐྱིད་དཔལ་ལ་རོལ་ཐུབ་པ་ཁག་ཐེག་བྱེད་པས། ཁོ་རེ་ཡ་ནས་ཁྱིམ་ཚང་གཅིག་ཏུ་ཕ་མེས་དང་ཕ་མ་བུ་ཕྲུག ཚ་བོ་ཚ་མོ་ཡང་ཚ་སོགས་མི་རབས་བཞི་ལྔ་ལྷན་ཅིག་ཏུ་འདུག་པ་གཞི་ཁྱིམ་གྱི་རྒྱན་དང་མི་ཚེ་ཡི་སྐྱིད་དུ་བརྩི་བ་ལས། ཨ་རི་དང་ཡོ་རོབ་པ་མང་ཤོས་ལྟར་ལོ་ལོན་རྒན་པ་ཟུར་འཇོག་དང་ཁེར་འདུག ཡང་ན་རྒན་གསོ་ཁང་དུ་བསྐྱལ་བ་རྣམས་མཚང་ཆེན་པོར་བརྩིས་ནས་མི་གྲལ་དུ་མི་ཆུགས་པའི་ཚོད་ལྟ་བུ་རེད། བཞི་ནས་རྒན་རབས་ལ་སྤྱི་ཚོགས་རྙིང་བ་ལྟར་གྱི་དབང་དྲག་དང་ཐོབ་ཐང་མཐོན་པོ་ཡོད་དེ། རྒན་རབས་ཀྱི་ཚིག་བརྩི་ཞིང་ཟས་གོས་ཇི་བསྟེན་ལ་སྔ་བ་གསུམ་གྱི་སྔུན་མ་བྱེད་པ་དང་། རྒན་རབས་ནི་འཇིག་རྟེན་མི་ཆོས་ཀྱི་འདུ་འགོད་དུ་བཀའ་འདྲི་ཞུ་ཡུལ་དང་། གྲོས་མགོ་འདོན་མི། གྲོས་རྟིང་གཅོད་མི་ཡིན། རྒན་རབས་ཀྱི་ལུས་སྟོབས་ཤོར་ནས་ལག་ལས་ཀ་དང་དངོས་པོ་མཁོ་སྒྲུབ་བྱེད་མི་ནུས་པར། ད་ལྟའི་དཔལ་འབྱོར་རིང་ལུགས་པའི་སྐད་ཆ་ལྟར། རྒན་རབས་ལ་དཔལ་འབྱོར་དང་བེད་སྤྱོད་ཀྱི་རིན་ཐང་མེད་ཀྱང་། ཁོ་རེ་ཡ་ནས་ཕ་མེས་དང་བཅས་པའི་རྒན་རབས་ནི་ཚེ་འདིར་ལས་ཀྱིས་འབྲེལ་ནས་ཁྱིམ་གཅིག་ཏུ་སྐྱེས་པ་དང་ཆུང་དྲིན་གྱིས་སྐྱོང་མི་ཡིན་པས། རྒན་རབས་ལ་གོང་བཀུར་དང་སྐུ་གཡོག་ཞབས་ཞུ་སྒྲུབ་པ་ནི་ལས་ཀྱི་བཀོད་པ་དང་མ་ཁུར་རང་བབ་ཀྱི་འོས་འགན་དུ་བརྩི་བ་དང་། རྒན་རབས་རྣམས་ཚེ་སྨད་ལ་འགྲོ་བ་མིའི་ལ་རྒྱ་དང་གཟི་བརྗིད་ཉམས་ནས། དཀའ་ལས་དང་མནར་སྡུག་མྱོང་བ་ནི་བུ་ཚ་དང་ནང་མི་གཉེན་ཉེ་ཀུན་གྱི་ངོ་ཚ་བླ་སྒུལ་བརླ་བསྒུལ་བཤད་དུ་མེད་པ་ཞིག་གོ།

    མདོར་ན་ཁོ་རེ་ཡ་རྒྱལ་ཁབ་ཏུ་སྤྱི་ཚོགས་ཁྱོན་ཧྲིལ་པོ་ནས། རྒན་རབས་ཤིག་ཡིན་ཕྱིན། ག་དུས་ཡིན་ན་ཁམས་བདེ་འདྲི་ཞིང་གུས་ཕྱག་ཕུལ་དཔེ་ཡོད་པ་དང་། རྒན་རབས་ལ་བརྩི་བཀུར་དང་རོགས་དན་ཞུ་བ་རང་གཤིས་སུ་གྲུབ་པར་སྣང་།

     ད་ལྟའི་འཛམ་གླིང་ཐོག་གི་ལོ་ལོན་གྱི་གནད་དོན་དང་རྒན་བཀུར་གྱི་གནས་ཚུལ་དང་བསྡུར་ན། ང་ཚོ་བོད་ཀྱི་སྤྱི་ཚོགས་ནི་མ་འོངས་པར་ལོ་ལོན་གྱི་དཀའ་ཉོག་སེལ་བ་དང་རྒན་བཀུར་གྱི་ཐབས་ལམ་དང་འཕེལ་ཕྱོགས་གང་འདྲ་ཞིག་ཏུ་སོང་ན་ཡག་པོ་ཡོད་མིན་ཐད། དྲི་བ་མང་པོ་ཞིག་སླེབས་ཚོད་རེད་དེ། བོད་ཀྱི་རྒན་བཀུར་གྱི་ལུགས་སྲོལ་སྔ་མའི་སྐོར་ལ། དེང་སང་དགོན་གྲོང་སློབ་གྲྭ་གསུམ་དུ་བཤད་དགའ་ཆེ་བའི་བསྟན་བཅོས་པ་མང་པོ་ཡོད་བཞིན་དུ། ངས་འདིར་སྐབས་སུ་ཟློས་དོགས་ཀྱིས་གླེང་བར་མི་བྱ་ལ། རྒན་བཀུར་ཐད་དུ། བོད་རང་གི་ཡ་རབས་ལུགས་སྲོལ་བཟང་པོ་དེ་དག་རྒྱུན་འཛིན་གྱིས། རོང་འབྲོག་གྲོང་གསུམ་དུ་ཕ་མེས་དང་ཕ་མ་བུ་ཕྲུག་གཞིས་ཁྱིམ་གཅིག་ཏུ་ལྷན་འདུག་གི་ལུགས་སྲོལ་སྐྱོང་བ་ལས། ལོ་ལོན་ཟུར་འཇོག་བྱེད་པ་ནི་ཡ་ང་བའི་གནས་དང་། ཀྲུང་གོའི་ད་ལྟའི་གནས་ཚུལ་ལ་གཞིགས་ན། རྒན་རབས་ལ་རྒན་གསོ་ཁང་རྩིག་པ་དང་དེར་སྐྱེལ་བར་རེ་བ་ནི་དུས་ལ་མ་བབ་པའི་ལས་སུ་མཐོང་ལ། དེ་བཞིན་འཛམ་གླིང་གི་རྒན་བཀུར་ཡག་ཤོས་ཀྱི་རྒྱལ་ཁབ་ཁོ་རེ་ཡ་དང་ཧྥི་ལན་གྱི་དཔེ་སྲོལ་དང་འཕྲོད་བསྟེན་སོགས་ཀྱི་ལེགས་ཆ་གང་དག་ བསྡུ་ལེན་ཐུབ་པ་གནད་ཆེ། མདོར་ན། བོད་རང་གི་སྲོལ་རྒྱུན་གྱི་ལུགས་སྲོལ་བཟང་པོ་དང་། དེང་སང་གི་སྤྱི་ཚོགས་ཀྱི་ལམ་ལུགས། ཀྲུང་གོའི་རྒྱལ་ཁབ་ཀྱི་ཁྲིམས་ལུགས་གསུམ་སྦྲེལ་བྱས་ན། བོད་ཀྱི་རྒན་བཀུར་ཡང་སྔ་སྲོལ་བཞིན་འཛམ་གླིང་གི་ལུགས་སྲོལ་ཡག་གྲས་ཡིན་པ་སྨོས་ཅི་དགོས།

     ཡང་བོད་ལ་འཁོར་ནས་བཤད་ན། བོད་དུ་ལྷ་ཆོས་དང་མི་ཆོས་གཉིས་སུ་ཕ་མ་དང་བཅས་པའི་རྒན་རབས་ལ་བརྩི་བཀུར་ཞུ་བ་སྤྱི་ཚོས་སུ་གྱུར་བ། བཙན་པོ་སྲོང་བཙན་སྒམ་པོའི་དུས་སུ་གཏན་ལ་ཕབ་པར་གྲགས་པའི་རྒྱལ་ཁྲིམས་བཅོ་ལྔ་དང་མི་ཆོས་གཙང་མ་བཅུ་དྲུག་ཏུ་གསལ་བ་ཇི་བཞིན་རེད། ཕྱིས་ཀྱི་སྐྱེས་ཆེན་དང་མཁས་གྲུབ་མང་པོས་ཀྱང་ལྷ་ཆོས་དགེ་བ་བཅུ་སོགས་ཀྱིས་མཚོན་སྲུང་བྱ་ཚུལ་ཁྲིམས་དང་ཆོས་ཁྲིམས་སྐོར་བསླབ་བྱ་ དང་ཞལ་གདམས་ཀྱི་ཚུལ་དུ་གང་མང་གནང་བ་བརྗོད་མི་ལང་བས། འདིར་རྣག་ཐོག་ཁབ་གཙག་གི་ཚུལ་དུ་ལོ་ལོན་རྒན་རབས་དང་རྒན་བཀུར་ཞུ་སྲོལ་གྱི་བརྗོད་གཞིར་ཐད་ཀར་ཞུགས་ན། གུང་ཐང་བསྟན་པའི་སྒྲོན་མེ་ནི་མ་སྨོས་ཐབས་མེད་ཡིན་ནོ།།

    དེ་ཡང་གུང་ཐང་བསྟན་པའི་སྒྲོན་མེ་ཡིས་མི་ལོ་ཉིས་བརྒྱའི་ཡར་སྔོན་ལ། དེང་རབས་ཀྱི་སྤྱི་ཚོགས་སྨྲ་བ་ཞིག་དང་འདྲ་བར། ལོ་ལོན་རྒན་རབས་སྤྱི་ཚོགས་ཀྱི་གནད་དོན་ཞིག་ཏུ་གྱུར་བ་གཟིགས་ནས་

“ད་ལྟ་ང་ལ་འཕྱ་མི་དགོས།། རྒས་པ་མ་བགོས་སྤྱི་ན་ཡོད།།”ཅེས་རྒན་གཞོན་བར་གྱི་འཁང་ར་དང་གཟུ་ཡིག་ལྟ་བུའི་《ཉམས་མྱོང་རྒན་པོའི་འབེལ་གཏམ་ཡིད་འབྱུང་དམར་ཁྲིད》ཅེས་པ་མཛད་ཅིང་། “ཚེ་རིང་སྐྱིད་རྒྱག་འདོད་པ་ལ།། རྒས་པ་མི་འདོད་ཨ་རེ་གླེན།། ཕུང་པོ་རྒས་རུང་གསོན་ན་དགའ།། ཞག་གཅིག་ཡིན་ཀྱང་བསྡད་ན་སྙམ།།”ཞེས་གཞོན་པའི་རང་སྣང་དང་རྒས་པའི་འདོད་བློ་བསྟན་པའི་འབེལ་གཏམ་འདི་ཀུན་ལ་རླུང་ལྟར་གྲགས་ཆེ་བས་དེ་ཙམ་གྱིས་འཐུས་པར་བྱ་བ་ལ། འདིར་ཆེད་དུ་རྒན་བཀུར་དང་འབྲེལ་བའི་གུང་ཐང་བསྟན་པའི་སྒྲོན་མེས་མཛད་པའི་ཕ་མའི་དྲིན་ལན་གཟོ་ཚུལ་དང་གཤིན་པོར་མ་ཎི་བསྐུལ་བའི་མགུར་དབྱངས་ཞེས་པ་ཟུར་ཙམ་ཞུ་བ་ལ།

    མ་ཎི་མགུར་དབྱངས་འདི་ཀོ་ཞབས་དཀར་ཚོགས་དྲུག་རང་གྲོལ་དང་བིས་པ་མི་ཕམ་ཟླ་བ། གཙང་གི་དབྱངས་ཅན་གྲུབ་པའི་རྡོ་རྗེ། རྡོ་གྲུབ་ཆེན་བསྟན་པའི་ཉི་མ་ལྟ་བུས་མཚོན་པའི་ཡུལ་གངས་ཅན་པའི་ཕ་མའི་བཀའ་དྲིན་དྲན་བསྐུལ་གསལ་འདེབས་ཀྱི་སྙན་མགུར་མང་པོ་དང་ཁ་ཆེ་ཕ་ལུ་སོགས་མི་ཆོས་བསླབ་བྱ་དང་ལུགས་ཀྱི་བསྟན་བཅོས། གནའ་རྒྱའི་ཚེ་ལོ་དང་ཕ་སེམས་བུ་ཐོག་བུ་སེམས་རྡོ་ཐོག་ལྟ་བུའི་ངག་རྒྱུན་གཏམ་རྒྱུད་ཙམ་མ་ཡིན་པར། ཕལ་ཆེར་དཔལ་ལྡན་བླ་བྲང་བཀྲ་ཤིས་འཁྱིལ་གྱི་རྒྱ་བོད་ཧོར་སོག་ཏུ་ཁྱབ་པའི་དགོན་མ་ལག་གི་བརྒྱ་དང་སུམ་ཅུ་ལྷག་གི་སྲིད་སྡེའི་འདས་ ཆོག་ལྟ་བུར་གྱུར་ཡོད།

   དེ་ཡང་ནམ་ཞིག་ཕ་མ་རྒན་རབས་ཚེ་ལས་འདས་པ་ལ། བདུན་ཚིགས་དང་པོར་བོད་ཀྱི་ལུགས་སྲོལ་ལྟར། མ་ཎི་བསྐུལ་དུས་སུ། ཀུན་རིག་འདོན་ཆོག་པ་གྲྭ་བ་གང་དེས་གོང་གི་ཕ་མའི་དྲིན་ལན་གཟོ་ཚུལ་དང་མ་ཎི་མགུར་དབྱངས་ཀྱི་དོན་ཚན་རེའི་དབུ་དྲངས་པ་ན། ནང་མི་དང་གྲོང་མི་གཤིན་ཆོས་ལ་འདུས་པ་ཀུན་གྱིས་དེའི་རྗེས་སུ་མ་ཎི་ཡིག་དྲུག་དབྱངས་ལ་བཀུག་ནས་འདོན་སྲོལ་ཡོད་པར་མ་ཎི་བསྐུལ་བ་ཟེར་བ་བཞིན། ཕ་མའི་དྲིན་ལན་གཟོ་ཚུལ་དང་གཤིན་པོར་མ་ཎི་བསྐུལ་བའི་མགུར་དབྱངས་ལ་ཚིག་རྐང་བརྒྱ་དང་སོ་བརྒྱད་ཡོད་ཅིང་། དེ་ལས་མཆོད་བརྗོད་སོགས་མདུན་གྱི་ཚིག་རྐང་བརྒྱད་ཀྱི་སྔ་མ་བཞི་གསལ་བྱེད་ཀྱི་རྒྱན་ཕ་དང་ཕྱི་མ་བཞི་མས་ཐོག་དྲངས་པ་ཕུད། གཞུང་དངོས་ལ་ཚིག་རྐང་བརྒྱ་དང་སུམ་ཅུ་ཡོད་པ་དོན་ཚན་བཅུ་ལ་འདུས་ཤིང་། དོན་ཚན་རེའི་མགོའི་ཚིག་རྐང་ཕྱེད་ལྔ་ཡིས་སྐྱེ་རྒ་ན་འཆི་ཟོ་ཆུན་བཞིན་དུ་འཁོར་བའི་མི་ཚེ་གཅིག་གི་ལུས་སེམས་ཀྱི་འགྱུར་བའི་ནང་། དྲིན་ཅན་ཕ་མས་བདག་སྐྱོང་གནང་ཚུལ་གནས་སྐབས་བཅུར་ཕྱེ་ནས་བསྟན་པ་དང་། མཇུག་གི་ཚིག་རྐང་ལྔས་བླ་མ་དཀོན་མཆོག་སོགས་ལ་སྐྱབས་འཇུག་གསོལ་འདེབས་ཞུས་པར། ཕ་མའི་དྲིན་ལན་ཕྱིར་དྲན་དང་འདས་ཆོག་གི་སྐྱབས་འཇུག་གསོལ་འདེབས་ལྷན་དུ་སྦྱར་ནས་དྲིན་ལན་དྲན་ཞིང་གཟོ་བ་དམིགས་སུ་བསྟན་པས་ཟབ་ཁྱད་ཆེ། དཔེར་ན་དེར། ཡ་མཐའ་གཏུགས་པ་མེད་པའི་དུས་ཤིག་ནས།། སྲིད་པའི་གནས་འདིར་ཟོ་ཆུན་བཞིན་དུ་འཁོར།། ཕ་མ་མ་བྱས་སེམས་ཅན་འགའ་ཡང་མེད།། དེ་ཚེ་རང་སྲོག་ལས་ཀྱང་གཅེས་པར་བྱས།། ཕན་པ་ཚད་མེད་དྲིན་ལན་ཇི་ལྟར་འཇལ།།

…   …

དེ་ཡི་དྲིན་ལན་ཆོས་ཀྱིས་འཁོར་བར་ཤོག། སྐྱབས་གནས་བསླུ་མེད་བླ་མ་དཀོན་མཆོག་མཁྱེན།། ཡི་དམ་རྒྱུད་སྡེ་བཞི་ཡི་ལྷ་ཚོགས་མཁྱེན།། འོད་དཔག་མེད་དང་སྤྱན་རས་གཟིགས་མགོན་མཁྱེན།། དམིགས་ཡུལ་ཐར་པའི་གནས་སུ་དྲང་དུ་གསོལ།། ཞེས་པའོ།།  ཟློས་དོགས་ཀྱིས་མ་བཀོད་ལ་རྒྱས་པ་གསུང་འབུམ་ད་པོད་དུ་གསལ།

    དེ་ལྟར་གུང་ཐང་བསྟན་པའི་སྒྲོན་མེ་ནི་འགྲོ་བ་མིའི་སྤྱི་ཚོགས་ཀྱི་གནད་དོན་ལ་ཁ་གཏད་གཅོག་ཐུབ་དང་གཅོག་ཤེས་པའི་བོད་ཀྱི་མཁས་ཆེན་ཆེས་ཉུང་གྲས་སྐོར་གྱི་གཅིག་ཡིན་པ། སྐབས་བབ་ཀྱི་བརྗོད་གཞི་རྒན་བཀུར་དང་འབྲེལ་བའི་ཉམས་མྱོང་རྒན་པོའི་འབེལ་གཏམ་དང་ཕ་མའི་དྲིན་ལན་གཟོ་ཚུལ་དང་མ་ཎིའི་མགུར་དབྱངས་ལས་གཞན། ད་དུང་ཆང་གི་ཉེས་དམིགས་དང་ཐ་མ་ཁའི་ཉེས་དམིགས་སོགས་མི་ཆོས་བསླབ་བྱ་སྟོན་པའི་སྙན་རྩོམ་ཚིག་དོན་རྨད་དུ་བྱུང་བ་དེང་སང་གི་སྤྱི་ཚོགས་ལ་ཆེད་དུ་དམིགས་པ་ལྟ་བུ་མཛད་ཡོད། དེ་བཞིན་དགོན་སྡེའི་བསླབ་གཉེར་ལ་དགོངས་ནས་བསླབ་བྱ་ནོར་བུའི་གླིང་དུ་བགྲོད་པའི་ལམ་ཡིག་དང་། ཡང་སྤྲུལ་སྤུས་དག་ཡོན་ཏན་ཅན་ཐོན་འོས་པར་ཡང་བསླབ་བྱ་བཟློག་སྒོམ་དུ། སྤྲུལ་སྐུ་བསྟན་དོན་དུ་བྱོན་ན།། བཤད་སྒྲུབ་ལག་རྗེས་ཤིག་འཇོག་དགོས།། ལྟ་བུས་མཚོན། ད་དུང་དེང་སང་གི་སྤྱི་ཚོགས་ཀྱི་གནད་དོན་གཞན་ཞིག་སྟེ་སྣོད་བཅུད་ཀྱི་འབྲེལ་བ་སྟོན་པ་ཤ་འཆམ་མམ་བདུན་པའི་རིགས་གྲྭ་ཞེས་གྲགས་པར་ཁྱི་ར་བ་མགོན་པོ་རྡོ་རྗེ་དང་ཤ་ཁྱིའི་མགུར་དེ་འཁྲབ་གཞུང་དང་རིམ་པར་འཆམ་དུ་གྱུར་བ་སྣོད་བཅུད་འབྱུང་ཁམས་སུ་ཁོར་ཡུག་དང་སེམས་ཅན་ཞི་གནས་ཀྱི་དགོངས་པ་རླབས་ཆེན་གར་འཚམ་གྱི་ཚུལ་དུ་བསྟན་པ་ལྟ་བུའོ།།

   མཇུག་ཏུ། གུང་ཐང་བསྟན་པའི་སྒྲོན་མེ་ལྟར་བོད་ཀྱི་མི་ཆོས་དང་ལུགས་སྲོལ་བཟང་པོར་དོ་སྣང་ཆེ་བའི་མཁས་པ་ཞབས་དཀར་བས་གསུངས་པའ་བཀྲ་ཤིས་ཤོག་ཅེས་པ། སྐབས་བབ་ཀྱི་བརྗོད་གཞི་རྒན་བཀུར་དང་ལོ་སར་སྟོན་མོ་ལ་འབྱོར་ཞིང་བྱིན་རླབས་ཆེ་བར་མཐོང་ནས་འདིར་ཚིག་རྐང་འགའ་མཇུག་སྨོན་དུ་དཔེ་མཚོན་ལ་བཀོད་ན།

     མི་རྣམས་ཚེ་རིང་ནད་མེད་བཀྲ་ཤིས་ཤོག། ཕྱུགས་ལ་གཡང་ཀུན་འཁྱིལ་བའི་བཀྲ་ཤིས་ཤོག། ཞིང་ལ་སྟོན་ཐོག་འབྱུང་བའི་བཀྲ་ཤིས་ཤོག། བང་མཛོད་ནོར་གྱིས་གང་བའི་བཀྲ་ཤིས་ཤོག། མི་ནོར་ཟས་གསུམ་འཛོམས་པའི་བཀྲ་ཤིས་ཤོག། བདེ་སྐྱིད་སྙན་གསུམ་འཛོམས་པའི་བཀྲ་ཤིས་ཤོག།

                                   ཞེས་ནུབ་བྱང་མི་རིགས་སློབ་ཆེན་གྱི་དགེ་མིང་བ་རྭ་ཡུམ་སྐྱབས་ཀྱིས་གྲོགས་རྟ་མགྲིན་རྒྱལ་གྱི་

                                         རྩོམ་བསྐུལ་གྱི་ངོ་མ་བཟློག་པར་བྲིས་པ་འདིའང་ལོ་ལོན་རྣམས་ཚེ་རིང་ལོ་བརྒྱ་ཡོང་བའི་རྒྱུ་རུ་བསྔོ།།

History History of Central Tibet Amdo Tibet

Contents

About

Collection Modern Writing from Qinghai Province
Visibility Public - accessible to all site users (default)
Author Rayum Kyap
Year published 2018
Subjects
Places
Rights All copyrights held by the original author(s). Published by the University of Virginia Tibetan and Himalayan Library
Creative Commons Licence