སྟག་རིག་ཐིས་པ་དགོན་བཀྲ་ཤིས་ཆོས་རྫོང་དགའ་ལྡན་བཀྲ་ཤིས་གསུང་རབ་གླིང་གི་ལོ་རྒྱུས་རགས་བསྡུས།

ནམོབུདྡཡྷ། ལེགས་བྱས་འོ་མའི་ཆུ་གཏེར་ལས་ཕྱུངས་མཚན་དཔེའི་རི་དྭགས་གཟུགས་ཀྱིས་མཛེས།། ཟབ་གསལ་ལེགས་གསུང་བདུད་རྩི་སྣང་བས་ཕན་བདེའི་ལམ་བཟང་གསལ་བར་མཛད།། གདུལ་བྱའི་མོས་པ་རྒྱ་མཚོའི་རྗེས་འགྲོ་ཟག་མེད་ཆུ་ཤེལ་ཁགས་ལས་གྲུབ།། ལྷ་ཡི་བླ་མ་ཐུབ་དབང་ཟླ་བས་བདག་སོགས་འགྲོ་བློའི་ཀུ་མུད་སྐྱོངས།། ཆོས་ཀྱི་སྡེ་ཆེན་རྒྱུ་སྐར་བཞིན་བཀྲ་བའི།། སྙིང་བོར་ལེགས་སྨིན་བཀྲ་ཤིས་ཆོས་ཀྱི་རྫོང་།། སྐལ་བཟང་ཐར་འདོད་འབུམ་གྱི་བསྟི་གནས་གང་།། བྱུང་ཚུལ་གཏམ་གྱི་རྒྱུད་མངས་འདི་ན་སྤྲོ།། ཞེས་པའི་ཚིག་གིས་མདུན་བསུས་ཏེ་འདིར་སྟག་རིག་དགོན་ཐིས་པ་བཀྲ་ཤིས་ཆོས་རྫོང་ངམ་དགའ་ལྡན་བཀྲ་ཤིས་གསུང་རབ་གླིང་གི་ལོ་རྒྱུས་རགས་བསྡུས་ཤིག་བརྗོད་པར་བྱ་སྟེ། དེ་ཡང་ཤེལ་གྱི་མཆོད་བརྟེན་ཚར་དུ་དངར་བ་ཟླ་གཞོན་ཞུན་མས་ལན་བརྒྱར་བྱུགས་པ་དང་ཀུན་ནས་མཚུངས་པའི་གངས་རིིའི་མུ་འཁྱུད་ཀྱིས་ཡོངས་སུ་བསྐོར་པའི་གངས་ཅན་བོད་ཀྱི་སའི་ཆ་མདོ་སྨད་ཁྲི་ཀ་གསེར་མོ་ལྗོངས་ཞེས་སྙན་པའི་བ་དན་རིང་དུ་འཕྱོ་བའི་ལྷོ་ཕྱོགས། ཡུལ་གྱི་དགེ་མཚན་དུ་མ་མངོན་པར་ཚང་བའི་སྟག་རིག་གྲོང་དང་རྒྱལ་རོལ་གཞུང་གི་ཆུ་བོས་བར་ཆོད་པའི་ནུབ་ངོས་བཀྲ་ཤིས་གཡང་ཆགས་ ཞེས་པའི་ས་ནི་ཆོས་སྡེའི་གནས་གཞི་ལགས་ཏེ། གནས་འདིར་ཆོས་སྡེ་འདི་མ་ཚུགས་པའི་གོང་རོལ་རབ་ཕྱོགས་མེ་འབྲུག་(སྤྱི་ལོ་༡༦༡༦)ལོའི་ཡས་མས་ཙམ་ལ། སྟག་རིག་བླ་མར་གྲགས་པ་རྟེན་དགེ་བསྙེན་ཡིན་ཡང་མངོན་ཤེས་དང་རྫུ་འཕྲུལ་ལྡན་པ། གྲུབ་པ་བརྙེས་པ་ཞིག་ཡོད་པ་གང་དེས་ཀླུ་ནོར་རྒྱལ་དཀར་པོའི་ཕོ་བྲང་ནེའུ་མགོ་མཚོ་མོ་དང་ཁད་མི་རང་སར་སྟག་རིག་གྲྭ་ཚང་ཕྱག་འདེབས་མཛད་པ་ལ། ནམ་ཞིག་གི་ཚེ་ལྷོ་བྲག་གྲུབ་ཆེན་སེང་གེ་རྒྱལ་མཚན་མདོ་སྨད་གསེར་ལྡན་འཛིན་མའི་ཁྱོན་ལ་ཞབས་ཟུང་བཀྲ་ཤིས་ཀྱི་རེ་ཁྭ་རྣམ་པར་བཀོད་དེ་སྟག་རིག་གྲྭ་ཚང་དུ་ཡུན་རིང་བཞུགས་ཤིང་ཆོས་ཀྱི་གྲུ་ཆར་ཟད་པ་མེད་པས་གདུལ་བྱ་མང་པོའི་ཡིད་ཀྱི་མྱུ་གུ་རིང་དུ་བསྐྱངས་པར་བརྟེན། སྟག་རིག་བླ་མས་གྲྭ་ཚང་བླ་གྲྭ་དང་བཅས་པ་ཁོང་ལ་ཕུལ་བ་ནས་གནས་འདིར་རིང་དུ་བཞུགས་ཤིང་། མཐར་རབ་དྲག་མེ་གླང་(སྤྱི་ལོ་༡༦༣༧)ལོར་རེ་ཞིག་བཅོམ་ལྡན་གསང་འཛིན་རྡོ་རྗེའི་ཕོ་བྲང་དུ་གཤེགས།

 

དེའི་སྐུ་སྐྱེས་གཉིས་པ།

རྗེ་བཙུན་དམ་པ་བློ་བཟང་ཉི་མ་ས་སྟག་(སྤྱི་ལོ་༡༦༣༨)ལོར་སྟག་རིག་ཐིས་པ་ཚང་དུ་འཁྲུངས་པས་སྐུ་ཕྲེང་རིམ་བྱོན་ལ་ཐིས་པ་ཞེས་པའི་མཚན་ཆགས། ཁོང་སྐུ་ན་ཕྲ་དུས་ནས་ཆུ་བཟང་དགའ་ལྡན་ཐུབ་བསྟན་རབ་རྒྱས་གླིང་གི་ཆོས་གྲྭར་ཞུགས་ཏེ་གཞུང་ལུགས་རབ་འབྱམས་ལ་སྦྱངས་པ་མཐིལ་ཕྱིན་མཛད། བླ་མའི་བཀས་དབུས་གཙང་ཆོས་ཀྱི་ལྗོངས་སུ་བསྐྱོད་ནས་དཔལ་འབྲས་དཀར་སྤུངས་པའི་ཆོས་སྡེ་ཆེན་པོའི་གྲྭར་ཞུགས། ཀུན་གཟིགས་ལྔ་བ་ཆེན་མོ་དང་། དཀའ་ཆེན་སྨོན་ལམ་དཔལ་སྦྱོར་སོགས་བླ་མར་བསྟེན་ཏེ་གཞུང་ལུགས་ཀུན་ལ་བྱེ་བྲག་མེད་པར་ཐུགས་བྱན་ཆུད་པར་སྦྱངས་པ་ནན་ཏན་མཛད་པར་དཀའ་བཅུ་བའི་མཚན་རྟགས་བཞེས། སླར་རང་ཡུལ་དུ་ཕེབས་ནས་རབ་དྲག་ཆུ་ཡོས་(སྤྱི་ལོ་༡༡༦༦༣)ལོར་སྟག་རིག་གྲྭ་ཚང་ད་ལྟའི་དགོན་གནས་འདིར་གནས་སྤོས་ཏེ་དུས་གསུམ་སངས་རྒྱས་ལྷ་ཁང་དང་། བཀའ་འགྱུར་ལྷ་ཁང་། མགོན་ཁང་། བྱམས་ཁང་ཆེན་མོ། འདུ་ཁང་ཆེན་མོ་སོགས་གསར་དུ་བཞེངས་ཏེ་ཐིས་པ་བཀྲ་ཤིས་ཆོས་རྫོང་ཕྱག་འདེབས་མཛད། བཅའ་ཡིག་ཆེན་མོ་གསུངས། དེས་ན་རབ་རྒྱན་ས་ཡོས་(སྤྱི་ལོ་༡༩༩༩)ལོའི་ཡན་ལ་སྟག་རིག་གྲྭ་ཚང་བཏབ་ནས་ལོ་སུམ་བརྒྱ་གྱ་གསུམ་དང་། ཐིས་པ་དགོན་བཏབ་ནས་ལོ་སུམ་བརྒྱ་སོ་དྲུག་ཕྱིན་པ་ཡིན་ནོ།། རྗེ་འདི་པས་ལྕང་སྐྱ་ཧུ་ཐོག་ཐུ་ངག་དབང་ཆོས་ལྡན་གྱི་ཞབས་ལ་གཏུགས་ཤིང་བཀའི་དྲུང་ཡིག་གནང་། སོག་ཡུལ་དུ་ཕེབས་ནས་བསྟན་འགྲོའི་དོན་རྒྱ་ཆེར་སྤེལ་བས། གནམ་བསྐོས་སའི་དབང་ཕྱུག་ཁང་ཞི་བདེ་སྐྱིད་རྒྱལ་པོས་“ཨེར་ཏི་ནི་བློ་བཟང་ཉི་མ”ཞེས་པའི་མཚན་གྱིས་གཟེངས་སུ་བསྟོད་དེ་སྐྱེས་བུ་ཆེན་པོར་དྲིལ་བསྒྲགས། ལྕང་སྐྱ་རིན་པོ་ཆེས་དགོན་པའི་མཚན་ལ་དགའ་ལྡན་བཀྲ་ཤིས་གསུང་རབ་གླིང་ཞེས་གསོལ་ཞིང་གཟིགས་སྐྱོང་ཚད་མེད་གནང་། གསུང་རྩོམ་པོད་གསུམ་བཞུགས་པ་འབྱུང་བཞིའི་དབྱིངས་སུ་ཐིམ་པར་གྲགས་སོ།།

 

སྐུ་ཕྲེང་གསུམ་པ།

བློ་བཟང་ཐུབ་བསྟན་གསལ་བྱེད་ཆོས་ཀྱི་ཉི་མ་སྐུ་གོང་མའི་ཚ་བོར་འཁྲུངས། ལྰ་མོ་བློ་བཟང་བསྟན་པའི་རྒྱལ་མཚན་སོགས་མཁས་གྲུབ་དམ་པ་མང་པོའི་ཞབས་ལ་གཏུགས། ཡི་དམ་གྱི་བསྙེན་ཆེན་མང་དུ་བཏང་། རབ་ཉི་མེ་སྤྲེལ(སྤྱི་ལོ་༡༧༡༦)ཙམ་ནས་གངས་ཅན་འགྲོ་བའི་མགོན་པོ་རྒྱལ་ཀུན་ཡེ་ཤེས་ཀྱི་ཉི་མ་༧རྒྱལ་མཆོག་བདུན་པ་ཆེན་མོ་སྐུ་ན་ཕྲ་དུས་སྐུ་འབུམ་དུ་བཞུགས་རིང་། མདོ་རྒྱུད་ཐུབ་བསྟན་ཡོངས་ཀྱི་པད་ཚལ་ཆེན་པོ་དེ་ཉིད་བྱམས་བརྩེའི་ཐུགས་ཟེར་གྱིས་ལེགས་པར་བསྐྱངས་ཤིང་། སྐུའི་ཕྱི་བཞིན་འབྲངས་ཏེ་དབུས་གཙང་གི་གནས་ཆེན་རྣམས་ལ་ཞིབ་མཇལ་གནང་། དགོན་པའི་བྱང་གི་ཕྱོགས་སུ་རྣམ་རྒྱལ་མཆོད་རྟེན་ཆེན་པོ་སྒོ་བཞི་ཅན་དང་། བྱམས་ཁང་ཆེན་མོར་སོ་ཕག་གི་རྒྱ་ཕིབས་དང་གསེར་ཏོག་གིས་བརྒྱན་ཏེ་རྒྱ་བསྐྱེད། སྐུ་ཚེ་སྨད་ལ་ཐུགས་རྩེ་གཅིག་ཏུ་སྒྲུབ་པ་ལ་གཞོལ་ཞིང་གྲུབ་པའི་གོ་འཕང་མཐོན་པོར་གཤེགས། རྗེ་གསར་ཁང་པ་བློ་བཟང་བསྟན་འཛིན་རྒྱ་མཚོས་འདི་པའི་ཞབས་ལ་གཏུགས། ཁྲི་ཆེན་བསོད་ནམས་གྲགས་པ་ནས་བརྒྱུད་པའི་གཅོད་དབང་གསན། རྗེ་འདིའི་རིང་ལ་རྙེ་ཐམས་ཅད་མཁྱེན་པ་ངག་དབང་བསྟན་འཛིན་ཉི་མས་བསྟན་འགྲོ་སྤྱི་ལ་དམིགས་ནས་དགོན་གོང་མར་བསྟན་སྲུང་དམག་ཟོར་མའི་གཏོར་སྒྲུབ་དང་། དགོན་ཞོལ་མར་བྱ་ཁྱུང་གི་འཆམ་བརྒྱུད་ལྟར་འཆམ་པ་གྲྭ་ཚང་བཙུགས་པ་ནས་ད་ལྟའི་རབ་རྒྱན་ས་ཡོས་(སྤྱི་ལོ་༡༩༩༩)ལོའི་ཡན་ལ་ལོ་ཉིས་བརྒྱ་སུམ་ཅུ་སོ་བདུན་སོང་ངོ་། མཐར་རབ་འདོད་ས་ལུག་(སྤྱི་ལོ་༡༧༩༩)ལོར་དགུང་གྲངས་ཧ་ཅང་མཐོན་པོར་གཤེགས།

 

སྐུ་ཕྲེང་བཞི་བ།

རྗེ་བཙུན་བློ་བཟང་བསྟན་པའི་རྒྱལ་མཚན་གཅན་ཚའི་དཔོན་རྒྱུད་དུ་འཁྲུངས། རྗེ་གསེར་ཁང་པ། གུང་ཐང་བསྟན་པའི་སྒྲོན་མེ། ཐར་ཤུལ་དགེ་འདུན་ཆོས་སྐྱོང་རྒྱ་མཚོ་སོགས་བླ་མ་བཅུ་ཕྲག་ལྷག་གཙུག་གི་རྒྱན་དུ་བསྟེན། ལུང་རིགས་རླབས་བརྒྱའི་ཕྲེང་བ་མངོན་པར་གཡོ་བའི་ལུང་རྟོགས་ཡོན་ཏན་རིན་པོ་ཆེའི་འབྱུང་གནས་བདེ་ཆེན་ཆོས་གླིང་དུ་ཕེབས་ནས་གཞུང་བཀའ་པོད་ལྔ་ལ་ཐུགས་གཉེར་དཔྱིས་ཕྱིན་གནང་ཞིང་། གདན་ས་དེའི་ཁྲི་བསྐྱངས།

དབུས་གཙང་དུ་བསྐྱོད་དེ་རྒྱལ་བ་པན་ཆེན་ཡབ་སྲས་ཀྱི་ཞབས་ལ་བཏུད་ཅིང་གཟིགས་སྐྱོང་ཚད་མེད་ཐོབ། པན་ཆེན་བསྟན་པའི་ཉི་མ་ལས་བསྙེན་རྫོགས་བཞེས། ཙ་རིའི་གནས་སྐོར་དུ་ཕེབས་སྐབས་སེ་བོན་ཞེས་པའི་གཞི་བདག་ཅིག་བཀས་བཀུག་སྟེ་གཅན་ཚའི་ཐང་སྨད་ཞོལ་གྱི་རྫ་རི་སྨུག་པོར་དཔལ་མཁར་བརྩིགས་ཏེ་དེར་བསྟིམས་པས་ད་ལྟ་སེ་བོན་སྒང་དུ་ཐོགས་པ་དེ་ཡིན། རྗེས་སུ་ཟི་ལིང་ཨམ་བྷན་གྱིས་འཕྲང་དམར་ཚོ་བཅུ་གཉིས་ཀྱི་མཆོད་གཞིས་དང་ས་ཆུ་ནགས་གསུམ་དབང་བའི་ཆོ་ལོ་ཕུལ་བས་བླ་དཔོན་སྦྲགས་མ་མཛད། ༧རྗེ་བཙུན་དམ་པ་ཞྭ་དམར་པཎྚི་ཏ་དགེ་འདུན་བསྟན་འཛིན་རྒྱ་མཚོས་འདི་པ་བླ་མར་བཀུར། རབ་ཚེས་ས་སྟག(སྤྱི་ལོ་༡༨༧༨)ལོར་གོང་མའི་དམག་དཔུང་སྟོབས་ཆེན་པོས་དགོན་རོང་བྲག་སྐྱ་རྡོ་རྗེ་རྫོང་གཏོར་ཉེན་གྱི་དུས་འགངས་སུ། ཐབས་མཁས་ཀྱིས་དགོན་རིང་དགོན་པ་དམག་འཇིགས་ལས་བསྐྱབས་པས་ཆོས་སྡེ་འདི་གཉིས་འབྲེལ་བ་ཟབ། ཁྱད་པར་དུ་འདུ་ཁང་ཆེན་མོ་གསར་བཞེངས་དང་དགོན་མཐའ་ལྕགས་རིས་བསྐོར་བ་སོགས་མཛད་འཕྲིན་བླ་ན་མཐོ་བས་སྐུ་ཕྲེང་ཀུན་ལས་སྙན་གྲགས་ཆེའོ།།

 

སྐུ་ཕྲེང་ལྔ་བ།

དགེ་འདུན་བཤད་སྒྲུབ་བསྟན་པའི་རྒྱལ་མཚན། རབ་ཚེས་ཆུ་རྟ་(སྤྱི་ལོ་༡༨༨༢)ལོར་གཅན་ཚའི་སྣང་ར་ཤོག་ཁའི་སྒར་ཞེས་བྱ་བའི་གྲོང་དུ་ངོ་མཚར་བའི་ལྟས་དང་བཅས་ཏེ་དགེ་ལྡན་བསྟན་པའི་དཔྱིད་དུ་བལྟམས། སྐུ་མ་ཆུང་དུས་ནས་རང་བཞིན་གྱིས་ལུང་དང་རྟོགས་པའི་ཡོན་ཏན་གྱི་གཏེར་བརྡོལ་ཏེ། ཉི་ཟེར་ལ་ན་བཟའ་བཀལ་བ་དང་། རྡོ་ལ་ཕྱག་ཞབས་ཀྱི་རྗེས་ཕབ་པ། སྐུ་སྨད་ལ་སྟག་གི་ཐིག་ལེ་ལྟ་བུའི་རི་མོ་གསལ་བར་བཀྲ་བ་སོགས་གྲུབ་པའི་གོ་འཕང་མཐོན་པོར་མངའ་བརྙེས་ཀྱང་། ཁེངས་པ་དང་དྲེགས་པ་སྤུ་ཙམ་ཡང་མེད་པར་ཚུལ་བཞིན་དུ་ཞྭ་དམར་པཎྚི་ཏ། ལྰ་མོ་ཞབས་དྲུང་དགེ་འདུན་བསྟན་འཛིན་ནོར་བུ། སྒོ་མང་མཁན་སྤྲུལ་བསྟན་པ་དར་རྒྱས་སོགས་མཁས་གྲུབ་དུ་མ་རིགས་ཀྱི་ཅོད་པན་དུ་བསྟེན་ཏེ་མདོ་རྒྱུད་གསུང་རབ་མཐའ་དག་དང་རིག་གནས་ཀུན་ལ་བྱེ་བྲག་མེད་པར་ལེགས་པར་སྦྱངས་པས་ཤུགས་ཀྱི་བུམ་བཟང་ཤེས་བྱའི་གཏེར་དུ་གྲུབ། བདེ་ཆེན་དཔོན་སློབ་ཀྱི་ཁྲི་བསྐྱངས། མཚོ་སྔོན་རྐང་ཚ་དང་། བོང་སྟག་འབའ་མདོ་སོགས་སུ་འགྲོ་དོན་དཔག་མེད་མཛད། སྡེ་འདིར་མཁས་གྲུབ་དམ་པ་མང་པོ་སྤྱན་དྲངས་ཏེ་ཆོས་ཀྱི་གྲུ་ཆར་ཚིམ་མེད་དུ་འཇོ་བའི་མཐུན་རྐྱེན་གང་ལེགས་གནང་བའི་རྐྱེན་གྱིས་ཐོས་བསམ་སྒོམ་སྒྲུབ་ཀྱི་ཆོས་སྲོལ་ཤིན་ཏུ་འཕེལ། མྰ་ཇག་གི་སྤྱོད་ལམ་ལ་ཡ་ང་བ་སྤུ་ཙམ་མེད་པར་རྡུང་རྡེག་དྲག་པོ་བཏང་སྟེ། རབ་རྒྱས་ས་འབྲུག་(སྤྱི་ལོ་༡༩༢༨)ལོ་སྟེ་དགུང་གྲངས་ཞེ་བདུན་ལ་གཤེགས། ལོ་དེའི་རྒྱལ་ཟླའི་ཚེས་ཉེར་བརྒྱད་ལ་ཇག་དཔོན་མྰ་ཀྲུང་ཡུན་གྱིས་ཨ་ཡག་དང་། གཤོང་མི་ཆེ། དམེ་ཀྱྰ། སྒྲོམ་སོགས་ཀྱི་སེར་སྐྱ་ཆིག་བརྒྱ་ལྷག་དམར་གསོད་དང་། འབངས་ཁྱིམ་ལྔ་མེར་བསྲེགས་ཏེ་དམངས་ལ་མནར་གཅོད་ཚད་མེད་བཏང་བ་རེད།

 

སྐུ་ཕྲེང་དྲུག་པ།

སྙིགས་དུས་འགྲོ་བ་ཡོངས་ཀྱི་སྐྱབས་གནས་དམ་པ་༧རྗེ་བཙུན་བླ་མ་དགེ་འདུན་ལུང་རྟོགས་བསྟན་པའི་ཉི་མ་མཆོག་ནི། མདོ་སྨད་དབྱིག་འཛིན་སྒེག་མོའི་ཐིག་ལེ་སྣང་ར་གྲམ་པ་ནང་དུ། བོད་ཀྱི་རྩ་བའི་རུས་ཆེན་བཞིའི་ཡ་གྱལ་ལྡོང་གི་རིགས་ལས་མཆེད་ཅིང་ཀུན་མཁྱེན་འཇིགས་མེད་དབང་པོ་སོགས་སྐྱེས་ཆེན་དམ་པ་མང་པོ་འཁྲུངས་པའི་གཞིས་སུ་རབ་རྒྱས་ས་སྦྲུལ་ (སྤྱི་ལོ་༡༩༢༩)ལོར་སྐུ་འཁྲུངས། མདོ་སྨད་ཐུབ་བསྟན་ཡོངས་ཀྱི་མངའ་བདག་ཨ་ལགས་བླ་ཁོ་རིན་པོ་ཆེ་དང་ཐར་ཤུལ་དགེ་ལེགས་དབང་ཕྱུག་ཆོས་སྐྱོང་རྒྱ་མཚོ་རྣམ་གཉིས་དགོངས་མཐུན་ལྟར་སྐུ་གོང་མའི་ཡང་སྤྲུལ་དུ་ཐུགས་ཐག་བཅད། ཐར་ཤུལ་རིན་པོ་ཆེ་ལས་རབ་ཏུ་བྱུང་། ལྰ་མོ་བདེ་ཆེན་དགོན་པའི་ཆོས་གྲྭར་ཞུགས་ཏེ་གྲྭ་རྐྱང་དཀྱུས་མའི་ཚུལ་གྱིས། སྔ་རྗེས་སུ་ཐར་ཤུལ་དགེ་ལེགས་དབང་ཕྱུག་ཆོས་སྐྱོང་རྒྱ་མཚོ། ཁོ་ཚེ་དགེ་འདུན་བསྟན་པ་ཕུན་ཚོགས། ལྰ་མོ་ཡོངས་འཛིན་བློ་བཟང་མཁས་གྲུབ་རྒྱ་མཚོ། ལོ་ཁོག་དགེ་བཤེས་ཤེས་རབ་རྒྱ་མཚོ་སོགས་ཀྱི་ཞབས་པད་སྤྱི་གཙུག་མཛེས་པའི་རྒྱན་དུ་བཀོད་དེ། འདོན་ཆོས་སྤྱོད་དང་། དབང་ལུང་མན་ངག་བསྡུས་ཚད་བློ་ཕར་སོགས་རིག་གནས་ཀུན་ལ་དཔྱད་གསུམ་དག་པས་བརྡར་ཤ་བཅད་ནས་གསན་པ་རྒྱ་ཆེར་མཛད་པར་མ་ཟད། ཐ་ན་ཡིག་རིས་འབྲི་སྦྱོང་། འདོན་རྟ་དབྱངས་ལེན། ཐིག་རྡུལ་ཚོན། རོལ་མོ་འབུད་བརྡུང་། གར་འཆམ་གྱི་ཕྱག་ལེན་ཕྲན་བུ་ཙམ་ལ་ཡང་སྦྱངས་པ་ནན་ཏན་མཛད་པས་ཤེས་བྱའི་ཁོ་ལག་ཡོངས་སུ་རྫོགས་པའི་ལྗོན་པ་ཆེན་པོར་གྱུར་ཅིང་། པཎ་ཆེན་རིན་པོ་ཆེའི་ཡོངས་འཛིན་རྡོ་རྗེ་འཆང་རྗེ་འཇིགས་མེད་རྒྱ་མཚོ་ལས་རྒྱལ་བའི་བཀའ་འགྱུར་རོ་ཅག་གི་ལུང་ཆ་ཚང་མནོས་པ་སོགས་མདོར་ན་བཀའ་ལུང་འདི་མ་འཐོབ་ཟེར་བ་མེད་པའི་ཚད་དུ་གྱུར་ཏོ།། ཐུགས་ཞི་དུལ་བག་ཡོད་ཀྱིས་སྲིད་པའི་ཕུན་ཚོགས་མཐའ་དག་མེ་འབར་བའི་འོབས་ལྟར་གཟིགས་ཏེ་སྒོ་གསུམ་དབེན་པར་ཞི་ལྷག་ཟུང་འབྲེལ་གྱི་དོན་ཉམས་སུ་ལེན་པའི་ནང་གི་ཡང་དག་འཇོག་ལ་ཆིག་དྲིལ་མཛད་ཅིང་། ལོ་ལྟར་ཡི་དམ་གྱི་ལྷག་ལྷ་སོ་སོའི་བསྙེན་པ་ཆག་མེད་གཏོང་བ་དང་། རྒྱུན་པར་ཕྱག་སྐོར་དང་མཎྟལ་མཆོད་འབུལ་སོགས་བསགས་སྦྱངས་ལ་འབད་ཅིང་། ཕྱག་རྒྱུ་ཅི་འབྱོར་ཕངས་མེད་དུ་རྣམ་དཀར་དགེ་བའི་ཕྱོགས་ལ་གཏོང་བ་ཞིག་ཡིན་ནོ།།

  ལྕགས་སྤྲེལ(སྤྱི་ལོ་༡༩༨༠)ལོ་ནས་བཟུང་སྟེ། ཞིང་ཆེན་དང་། ཁུལ། རྫོང་གི་སྲིད་གྲོས་ཨུ་ཡོན་གྱི་འགན་བཞེས་པ་ནས། ས་གནས་སོ་སོའི་དགོན་སྡེ་སླར་གསོ་དང་། རྩྭ་སའི་བར་འདུམ། སྡོང་འཛུགས་སློབ་སྒྲུབ་ཀྱི་ཕྱོགས་ལ་མཛད་རྗེས་བླ་ན་མཐོ་ཞིང་། ཉིད་ཀྱི་ལས་ཕོགས་ཙམ་ཡང་ཕངས་མེད་དུ་བསྟན་འགྲོའི་དོན་ཁོ་ནར་བསྔོས་ཤིང་ཟས་གོས་ངན་ངོན་ཙམ་བསྟེན་པས་རིགས་མ་ཆད་པའི་དད་ལྡན་མང་པོའི་གོང་བཀུར་ཚད་མེད་པ་ཐོབ། ཤིང་བྱི(སྤྱི་ལོ་༡༩༨༤)ལོར་ཏང་གི་མི་རིགས་ཆོས་ལུགས་སྲིད་ཇུས་ཀྱི་ཟླ་ཚེས་དཀར་ཕྱོགས་སུ་ཕེབས་པའི་བབ་དང་བསྟུན་ནས། འདུ་ཁང་ཆུང་བ་ཞིག་དང་གྲྭ་ཤག་དྲུག་གསར་བཞེངས་བགྱིས་ཏེ་ཆོས་སྒོ་ཐོག་མར་ཕྱེ། ས་སྦྲུལ་ལོར་དམ་པ་འདི་པའི་ཐུགས་བཀོད་ལྟར་སྔོན་གྱི་འདུ་ཁང་ཆུང་བ་དེ་རྒྱ་བསྐྱེད་དེ་ཐོག་བརྩེགས་གཉིས་རྒྱ་ཕིབས་དང་བཅས་པའི་འདུ་ཁང་ཆེན་མོ་གྱན་དྲུག་ཅུ་རེ་ལྔ་གསར་དུ་བཞེངས་ཏེ། ཐང་ག་དང་ལྡེབས་རིས་ཀྱི་སྐྱ་ཐིག ཀུན་དགའ་ར་བའི་བཟོ་བཀོད། མཆོད་རྫས་ཀྱི་རྒྱན་རིས། འདུ་ཁང་གི་ཤིང་བརྐོས་དང་རྟེན་གཤོམ་ལུགས་ཡན་ཆད་བླ་མ་ཉིད་ཀྱིས་ཕྱག་བསྟར་ཏེ། སྐྱབས་འགྲོའི་ཚོགས་ཞིང་གིས་མཚོན་པའི་སྐུ་གསུང་ཐུགས་ཀྱི་རྟེན་དང་མཆོད་རྫས་ཀྱི་བྱེ་བྲག་སྣ་ཚོགས་མ་ཚང་བ་གཅིག་ཀྱང་མེད་པར་ཁྲིགས་སུ་ཚུད་པར་བཞེངས་གྲུབ་པ་འདི་ལགས་ལ། བླ་མ་གོང་མ་རྣམས་ཀྱི་ཕྱག་སྲོལ་དང་བཅའ་ཡིག་ཆེན་མོའི་དགོངས་དོན་ལྟར། འདུལ་བའི་ཆོས་ཁྲིམས། དགེ་འདུན་གྱི་ནང་ཁྲིམས། འདོན་ཆོག་ཆོས་སྤྱོད་ཀྱི་རྒྱུན་་ཉམས་པ་སླར་གསོ་དང་མ་ཉམས་པ་གོང་འཕེལ་དུ་བཏང་ཞིང་། མཐུན་རྐྱེན་གང་ལེགས་གནང་ནས་དགོན་པའི་གདན་རབས་ལོ་རྒྱུས་རྩོམ་པར་བཅུག་པ་དང་། ལྷག་པར་ཆུ་སྤྲེལ(སྤྱི་ལོ་༡༩༩༢)ལོར་འདུ་ཁང་ཆེན་མོའི་རྟེན་གསར་བཞེངས་ཀྱི་མཇུག་ཡོངས་སུ་གྲུབ་སྟེ། གཟུངས་འབུལ་ཤེལ་དཀར་མེ་ལོང་གི་ལུགས་ལྟར་སྐུ་ཉིད་ཀྱིས་ཉར་ཚགས་བགྱིས་པའི་རིང་བསྲེལ་རྣམ་བཞིས་མཚོན་པའི་འཇིག་རྟེན་ན་རིན་ ཐང་གཞལ་དུ་མེད་པའི་མཁོ་རྒུའི་ཡོ་བྱད་ཞིབ་ཚགས་བྱས་ཏེ། སྟོན་པ་བཅོམ་ལྡན་འདས་ཀྱིས་བདེན་བཞིའི་ཆོས་འཁོར་བསྐོར་བའི་བཀྲ་ཤིས་པའི་ཉིན་མོར་སྐུ་ཉིད་ཀྱིས་ཕྱག་བསྟར་ཏེ་གཟུངས་འབུལ་རབ་གནས་དང་བཅས་པ་རྒྱས་པའི་ལུགས་སུ་བསྩལ་ཏེ་འགྲོ་རྣམས་བསོད་ནམས་གསོག་པའི་ཞིང་ས་དམ་པར་རྒྱས་བཏབ་པའོ།།

   ཡིན་ན་ཡང་། དེ་དུས་སྐུ་ངལ་བ་ཧ་ཅང་ལྕི་བ་སོགས་རྐྱེན་བྱས་ཏེ་ཆུ་བྱ(སྤྱི་ལོ་༡༩༩༣)ལོའི་བོད་ཟླ་གཉིས་པའི་ཚེས་ཉེར་གཉིས་ཉིན་བདག་ཅག་རྣམས་ཀྱི་མེ་ཏོག་གང་ལ་ཕོག་པའི་ལྷ་སྐལ་གཅིག་པུ། བཅོམ་ལྡན་གསང་འཛིན་ཕྱག་ན་རྡོ་རྗེ་ངུར་སྨྲིག་གི་གར་དུ་ཟློས་པ་སྐྱབས་རྗེ་མཐོང་བ་དོན་ལྡན། སྐྱེ་དགུ་ཡོངས་ཀྱི་འདྲེན་པ་མཚུངས་པ་མེད་པ་གང་ཉིད་སྐུ་དངོས་ཀྱི་གདུལ་བྱ་རྫོགས་ཤིང་། རྟག་འཛིན་གྱིས་ཨ་འཐས་པ་བདག་ཅག་ཆོས་ལ་སྐུལ་ཆེད་མཛད་པའི་མཐའ་མ་བསྟན་པས་ཕྱོགས་ཀྱི་འདུས་སྡེ་ལྔ་ཕྲག་གསུམ་གྱི་དགེ་འདུན་པ་སྟོང་ལ་ཉེ་བས་རང་རང་སོ་སོའི་ཕྱག་བཞེས་ལྟར་སེམས་བསྐྱེད་མཆོད་པ་དང་བདག་འཇུག་ཉིན་མཚན་དབྱེར་མེད་དུ་གནང་ཞིང་། སྐུ་འབུམ་སྐུ་ཞབས་སྐེ་ཀྱྰ་རིན་པོ་ཆེས་དམ་པ་དེ་ཉིད་ཀྱི་ཐུགས་དགོངས་ཟབ་མོ་ཡོངས་སུ་རྫོགས་པའི་ཕྱིར་ཐུགས་དམ་གསལ་འདེབས་དང་། ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་ལྰ་མོ་ཡོངས་འཛིན་བློ་བཟང་མཁས་གྲུབ་རྒྱ་མཚོ་མཆོག་གིས་སྤྲུལ་སྐུ་མྱུར་འབྱོན་གྱི་གསོལ་འདེབས་ལྗགས་རྩོམ་གནང་ནས། དད་ལྡན་སེར་སྐྱ་རྒན་དར་གཞོན་གསུམ་གྱིས་བླ་མ་དྲན་པའི་གདུང་འབོད་དང་། སྤྲུལ་སྐུ་མྱུར་འབྱོན་གྱི་གསོལ་བ་དྲག་ཏུ་བཏབ་སྟེ་སྐྱེ་ཞིང་སྐྱེ་བར་འབྲལ་མེད་རྗེས་སུ་འཛིན་པའི་རྟེན་འབྲེལ་ལ་དམིགས་ནས། ལོ་འདིའི་ནང་ལ་སྐུ་གདུང་མཆོད་རྟེན་ཁྱད་དུ་མཚར་བ་ཞིག་བཞེངས་གྲུབ་སྟེ་ད་ལྟ་འདུ་ཁང་ཆེན་མོར་བཞུགས་པ་འདི་ནི་བླ་མའི་བཀའ་དྲིན་དྲན་ཞིང་བསོད་ནམས་ཀྱི་ཞིང་མཆོག་གཞན་ན་མེད་པ་ཞིག་ཏུ་ངེས་སོ།།

 

སྐུ་ཕྲེང་བདུན་པ།

སྨོན་ལམ་རྒྱ་མཚོ་མཆོག་ནི། སེམས་དཔའ་ཆེན་པོ་དག་ནི་ནམ་ཡང་བསྟན་པ་དང་འགྲོ་བའི་དོན་ལ་ཐུགས་གཡེལ་སྐད་ཅིག་ཙམ་ཡང་མེད་པའི་དབང་གིས། བླ་མ་དམ་པ་གང་གི་ཡང་སྤྲུལ་རིན་པོ་ཆེ་རབ་བྱུང་བཅུ་བདུན་པའི་ཤིང་ཁྱི་ལོར(༡༩༩༤ལོ)གཅན་ཚའི་སྣང་རའི་རི་རྩ་ཞེས་པའི་གྲོང་དུ་སྐུ་སྔ་མའི་ཚ་མོ་བྱང་མོ་འཚོ་དང་ཡབ་ཚེ་རིང་རྡོ་རྗེ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས་ཤིང་། བྱིས་པའི་མཚན་ལ་སྨོན་ལམ་རྒྱ་མཚོ་ཞུ་བ་ཉིད་འགྲོ་བ་ཡོངས་ཀྱི་མ་འདྲིས་པའི་མཛའ་བཤེས་ཆེན་པོ། སྙིགས་དུས་ཀྱི་བསྟན་པའི་སྲོག་ཤིང་ལྰ་མོ་ཡོངས་འཛིན་བློ་བཟང་མཁས་གྲུབ་རྒྱ་མཚོ་མཆོག་གིས་ཐར་ཤུལ་དགོན་པ་རུ་སྟག་རིག་དགོན་གྲོང་གི་སེར་སྐྱ་ཆེ་གྲས་ཁག་དང་། ཨ་ལགས་རྒྱབ་ཚ་ཚང་དང་། ཨ་ལགས་རོང་གཞིས་ཚང་། ཨ་ལགས་ཀུན་བཟང་སོགས་ཀྱིས་གཙོས་པའི་མཚོ་ལྷོ་ཁུལ་དང་། ཁྲི་ཀ་རྫོང་སྲིད་གཞུང་གི་ལས་བྱེད་མགོ་ཁྲིད་མང་པོ་དང་བཅས་པའི་དབུས་སུ་ཟན་བསྒྱུར་བའི་སྒོ་ནས་ཐུགས་ཐག་རྣམ་པར་བཅད་དེ། ༢༠༠༢ལོའི་ལྷ་བབས་དུས་ཆེན་གྱི་ཉིན་མོར་ཐིས་པ་དགོན་པའི་འདུ་ཁང་ཆེན་མོའི་མཁན་ཁྲི་མཐོན་པོར་མངའ་གསོལ་ཞིང་། ༢༠༠༧ལོར་དབུས་འགྱུར་སེ་ར་ཐེག་ཆེན་གླིང་དུ་སློབ་གཉེར་ལ་ཕེབས་ཏེ། དགེ་བཤེས་ཆེན་པོ་ངག་དབང་ཟླ་གྲགས་དང་། དགེ་བཤེས་བློ་བཟང་སོགས་གཙུག་གི་རྒྱན་དུ་སྟེན་མུར་དེའི་ཕྱི་ལོར་ལྷ་ས་རུ་ཟིང་ལོང་བྱུང་བའི་རྐྱེན་པས། དེར་བཞུགས་པའི་དགེ་འདུན་པ་མང་པོ་དང་ཇི་བཞིན་པར་ཕྱིར་ཕེབས་དགོས་བྱུང་བས་གདན་ས་ཐིས་པ་དགོན་པར་བགྲང་བྱ་གཅིག་ཙམ་ལ་དགོས་བྱུང་ན་ཡང་། ༢༠༠༩ལོ་ནས་མདོ་སྨད་དྷི་ཚ་དགོན་དུ་ཕེབས་ནས་ད་ལྟའི་བར་དུ་དགེ་བཤེས་བློ་བཟང་བྱང་ཆུབ་ཀྱིས་གཙོས་པའི་མཁས་མང་གསེར་རི་ཕྲེང་ལྟར་རྒྱལ་བའི་གསུང་རབ་བཀའ་པོད་ལྔ་དང་། ཐ་སྙད་རིག་གནས་སོགས་ལ་ཐུགས་བརྩོན་ཆེན་པོ་སྟེན་བཞིན་བསྟན་འགྲོའི་མགོན་དུ་སྐུའི་ལང་ཚོ་དང་ཡོན་ཏན་གཉིས་ཀ་ཡར་ངོའི་ཟླ་བཞིན་འཕེལ་བ་འདི་ལགས་སོ།།

སྡེ་འདིའི་བླ་གྲས་གཞན་ཡང་། སྔ་འགྱུར་རིང་ལུགས་འཛིན་པའི་གྲུབ་པའི་དབང་ཕྱུག་ཀློང་ཆེན་རབ་འབྱམས་པའི་སྐུ་སྐྱེས་དགུ་རོང་སྣ་ཚོགས་རང་གྲོལ་ཞུ་བའི་ཐུགས་སྤྲེལ་བློ་བཟང་ཕུན་ཚོགས་རྒྱ་མཚོ་རྐང་ཚའི་ཡག་མོར་འཁྲུངས་པ། ཐིས་པ་བློ་བཟང་བསྟན་པའི་རྒྱལ་མཚན་གྱིས་ཐུགས་ཐག་བཅད་དེ་ཡབ་སྲས་གཉིས་ཤག་གཅིག་ཏུ་བཞུགས་པས་སྡེ་འདིའི་བླ་གྲས་སུ་གྱུར་ལ། ཁོང་གིས་རྒྱལ་རོལ་གཞུང་དུ་ཀུན་བཟང་སྒར་བ་བཏབ་པ་ནས་མཚན་ལ་ཀུན་བཟང་དུ་གྲགས། དེའི་སྤྲུལ་སྐུ་དགེ་འདུན་བཤད་སྒྲུབ་རྒྱ་མཚོ་ཆུ་སྤྲེལ(སྤྱི་ལོ་༡༩༣༢)ལོར་སྐུ་གོང་མའི་ཚ་བོར་འཁྲུངས། མཛད་འཕྲིན་ཤིན་ཏུ་རྒྱས། ལྕགས་བྱི་ལོར་སྐུ་གཤེགས། སྐུ་ཕྲེང་གསུམ་པ་ནོར་བུ་རྒྱ་མཚོ། སྤྱི་ལོ་༡༩༩༤ལོར་སྐུ་གོང་མའི་ཡང་སྤྲུལ་དུ་ཐག་བཅད་དེ་ད་ལྟ་བསླབ་གཉེར་ལ་བརྩོན་བཞིན་པ་འདི་ཡིན། བྱ་ཁྱུང་གཅན་ཚ་ཞབས་དྲུང་དགེ་འདུན་ཆོས་འབྱོར་རྒྱ་མཚོ་སྐུ་ཚེ་སྨད་ལ་འདིར་ཕེབས་ནས་འགྲོ་དོན་དཔག་མེད་བསྐྱངས་ཏེ། མཐར་ཆུ་སྦྲུལ(སྤྱི་ལོ་༡༩༥༣)ལོར་གཤེགས། དེའི་ཡང་སྤྲུལ་ཤིང་རྟ་ལོར་རྐང་ཚ་སྐྱ་རོལ་ཚོ་བར་འཁྲུངས། སྔར་ཆོས་སྡེ་འདིར་ཐིས་པ་བླ་བྲང་དང་། ཀུན་བཟང་བླ་བྲང་། སྒོ་མང་བླ་བྲང་། ཐར་ཤུལ་རིན་པོ་ཆེའི་གཟིམ་ཤག་སོགས་བླ་བྲང་དུ་མ་ཡོད་ཀྱང་། ད་ལྟ་ཐིས་པ་བླ་བྲང་དང་ཀུན་བཟང་བླ་བྲང་གིས་མཚོན་པའི་གྲྭ་ཤག་ཉི་ཤུ་དང་། དགེ་འདུན་པ་བཞི་བཅུ་ཡོད་པ་ཡིན་ནོ།།

སྐུ་གསུང་ཐུགས་རྟེན་གང་བཞུགས་ཀྱི་དཀར་ཆག་སྒྲུབ་པའི་སྐྱེད་ཚལ་ཆེན་པོ་འདིར་རྒྱལ་བའི་སྐུ་གསུང་ཐུགས་ཀྱི་རྟེན་གང་བཞུགས་ཀྱི་དཀར་ཆག་རགས་ཙམ་འགོད་པ་ལ། དུས་གསུམ་སངས་རྒྱས་ལྷ་ཁང་དུ་རྟེན་གྱི་གཙོ་བོ་ལྷའི་བཟོ་བོ་བི་ཤྭ་ཀརྨའི་རྣམ་འཕྲུལ་སྐུ་འབུམ་ཆེ་ཤོས་ལྷ་བཟོ་བློ་བཟང་བཤེས་གཉེན་གྱི་སོར་མོའི་འཕྲུལ་འདེགས་ལས་མངོན་པར་བྱུང་བའི་སངས་རྒྱས་དངོས་དང་ཁྱད་མེད་པའི་བྱིན་རླབས་ཀྱི་གཟི་འོད་རབ་ཏུ་འཕྲོ་ཞིག་མཆོད་མེ་འཛིན་པ། གང་ཟག་མཆོག་དམན་བར་མ་ཀུན་ཀྱང་མཐོང་ཐོས་དྲན་པ་ཙམ་གྱིས་འདིར་སྣང་ཀུན་རྟོག་གི་སྤྲོས་པ་དབང་མེད་དུ་བསྒྱུར་ནུས་པའི་དགེ་མཚན་དུ་མ་ལྷུན་གྱིས་གྲུབ་པའི་དུས་གསུམ་རྒྱལ་བའི་སྐུ་བརྙན་ཐོག་ཚད་གཉིས་ཅན་ཁྲི་རྒྱབ་ཡོལ་དང་བཅས་པ་རིན་པོ་ཆེ་དང་སྨན་དང་གོས་བཟང་སྣ་ཚོགས་ཀྱིས་བཞེངས་གྲུབ་པ། རབ་གནས་ལྕང་སྐྱ་ངག་དབང་ཆོས་ལྡན་གྱིས་མཛད་པ་དེ་ཡིན་ལ། དེའི་ནང་རྟེན་དུ་སངས་རྒྱས་འོད་སྲུངས་དང་། སྟོན་པ་ཤྰཀྱ་ཐུབ་པའི་འཕེལ་གདུང་། ཤྰ་རིའི་བུ་དང་མོོང་གལ་གྱི་བིུའ་སྐུ་ཆོས་ཚལ་བུས་གཙོས་གྲུབ་ཆེན་བརྒྱད་ཅུ་སོགས་འཕགས་བོད་མཁས་གྲུབ་མང་པོའི་སྐུ་ཆོས། མར་པའི་དབུ་ལོ། སྲས་དར་མ་མདོ་སྡེའི་སྐུ་བེར་དབུ་ཀླད་འབྱར་མ། མི་ལ་རས་པའི་སྒོམ་ཐག་ཚལ་བུ། རྭ་ལོའི་དབུ་ལོ། བྲམ་ཟེ་སྐྱེ་བ་བདུན་པའི་སྐུ་ཤ་ཆོས་རྒྱལ་སྲོང་བཙན་གྱི་ན་བཟའ། རྗེ་རིན་པོ་ཆེའི་ཞབས་བཅག་རྒྱལ་ཚབ་རྗེའི་དབུ་སྐྲ། མཁས་གྲུབ་ཐམས་ཅད་མཁྱེན་པའི་ན་བཟའ། མ་ཅིག་ལབ་སྒྲོན་གྱི་ཞབས་བཅག པཎ་ཆེན་བློ་བཟང་ཆོས་རྒྱན་གྱི་ན་བཟའ། ཇོ་འབྲོམ་ཡབ་སྲས། ས་སྐྱ་གྲགས་པ་རྒྱལ་མཚན་སོགས་སྐྱེས་ཆེན་དུ་མའི་གདུང་རུས་དང་ན་བཟའ་སོགས་འཇིག་རྟེན་ན་ཤིན་ཏུ་དཀོན་པའི་རིང་བསྲེལ་རྣམ་བཞིས་ ཕྱུར་བུར་གཏམས་ཀྱང་རྟེན་ཡིག་ས་ཁྱིའི་ལོར་འབྱུང་གཞིར་ཐིམ་པས་ཞིབ་ཏུ་མི་ཤེས། རྩིག་ངོས་སུ་གནས་བརྟན་བཅུ་དྲུག ཡར་འཁོར་དུ་མགོན་ཆོས་ལྔའི་ལྡེབས་རིས། བར་སྐོར་ལོགས་གཡས་སུ་གཙོ་སྐུ་ཚེ་དཔག་མེད་མི་ཚད་ལས་ཆེ་བ། སྨན་བླ་བདེ་གཤེགས་བརྒྱད། རྗེ་ཡབ་སྲས་གསུམ། མི་འཁྲུགས་པ། སེང་གདོང་མ་གཙོ་འཁོར་གསུམ་སོགས་ཀྱིས་བསྐོར་བ། རྒྱབ་ངོས་སུ་གཙོ་སྐུ་ཁྱབ་བདག་རྡོ་རྗེ་འཆང་། རྒྱན་དྲུག་མཆོག་གཉིས། རྟ་མགྲིན་གསང་སྒྲུབ། སྐུ་དུ་མས་བསྐོར་བ། གཡོན་ངོས་སུ་གཙོ་སྐུ་སྤྱན་རས་གཟིགས་ཕྱག་བཞི་བ། ལྟུང་བཤགས་སོ་ལྔ། སྒྲོལ་དཀར། ལོ་གྱོན་མ། ཐུགས་རྗེ་ཆེན་པོ་མིག་འབྱེད། ཕྱག་རྡོར་སོགས་ལྷག་ལྷ་དུ་མས་བསྐོར་བ། བླ་མ་སྐུ་ཕྲེང་གཉིས་པ་ནས་ལྔ་བའི་སྐུ་གདུང་མཆོད་རྟེན། མདུན་སྒོས་གཡས་གཡོན་དུ་རྒྱལ་ཆེན་སྡེ་བཞི་བཅས་བཞུགས་སོ།།

སྒར་བའི་བཀའ་འགྱུར་ལྷ་ཁང་དུ། བློ་བཟང་ཉི་མས་རྒྱ་ནག་ནས་གདན་དྲངས་པའི་ཙན་དན་ཇོ་བོ་མཐོ་ཚད་ཁྲུ་གསུམ་ཙམ་ཁྲི་རྒྱབ་ཡོལ་དང་བཅས་པ། མཆོག་ཟུང་གཉིས་ཀྱི་སྐུ་ཁྲུ་གང་གི་ཚད། རྗེ་སྐུ་ལི་མ། ཇི་འབྲོམ་ཡབ་སྲས་སོགས་ཀྱི་སྐུ་བརྙན། ཇོ་བོ་རྗེའི་འཁྲུངས་རབས་ཐང་ག་བཅུ། དུས་འཁོར་གྱི་ཐང་ག་རིག་ལྡན་ཉེར་ལྔ་དང་བཅས་པ། གནས་བརྟན་ཆུ་འབྱོན་མ། བཀའ་འགྱུར་རིན་པོ་ཆེ། རྗེ་ཡབ་སྲས། པཎ་ཆེན་རིན་པོ་ཆེ་སྐུ་སྔ་ཕྱི། ལྕང་སྐྱ། ཛ་ཡ་པཎྚི་ཏ། གུང་ཐང་བསྟན་བའི་སྒྲོན་མེ་སོགས་མཁས་པ་མང་པོའི་གསུང་འབུམ། ཙན་དན་གྱི་བདེར་གཤེགས་མཆོད་རྟེན་བརྒྱད་ཁྲུ་གང་ཙམ་སོགས་ཕྱུར་བུར་གཏམས་པར་གདའོ།།

ལི་མ་ཁང་ངམ་ཞབས་བརྟན་ཁང་དུ། དུས་གསུམ་སངས་རྒྱས། སྨན་བླ། མི་འཁྲུགས་པ། ཚེ་ལྷ་རྣམ་གསུམ། རྗེ་རིན་པོ་ཆེ། རྗེ་དགེ་ལེགས་མ། ཚེ་དཔག་མེད། གནས་བརྟན་བཅུ་དྲུག ཉེ་བའི་སྲས་ཆེན་བརྒྱད། ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ། བདེ་གསང་འཇིགས་གསུམ། རྟ་མགྲིན་གསང་སྒྲུབ། བ་སོ་ཆོས་ཀྱི་རྒྱལ་མཚན་གྱི་ཐུགས་དམ་གྱི་རྟེན་འཇིག་བྱེད་ལྷ་བཅུ་གསུམ། མགོན་ཆོས་ལྔ་བཅས་གསེར་ཟངས་ཀྱི་ལི་མ་བརྒྱ་ཕྲག་ལྷག་དང་། ཙན་དན་གྱི་བདེ་གཤེགས་མཆོད་རྟེན་བརྒྱད། ཐུབ་བསྟན་གསལ་བྱེད་ཚང་གི་ཕྱག་འཁོར་མ་ཎི་བྱིན་ཅན།ཙན་དན་དམར་པོའི་བཀྲ་ཤིས་རྟགས་བརྒྱད་ཚར་གཉིས། རྒྱལ་སྲིད་སྣ་བདུན། ཀུ་ཀུ་ཤེལ་གྱི་སྤོས་ཕོར། གསེར་ཟངས་ཀྱི་སྤོས་ཕོར་སོགས་མཆོད་རྫས་ཀྱི་བྱེ་བྲག་མང་པོ་བཞུགས་སོ།།

བཀའ་འགྱུར་ཁང་གི་གཡས་གཡོན་གཞོགས་སུ་མགོན་ཁང་ཡོད་ལ། དེའི་ནང་དུ་མགོན་པོ་ཕྱག་དྲུག་པ། མགོན་ཆོས་ལྔ། རྨ་ཆེན་དང་ཡུལ་ལྷ་བཅས་ཀྱི་ཐང་ག་དང་། གསང་བདེ་འཇིགས་གསུམ། མགོན་པོ་ཕྱག་དྲུག་པ། དམ་ཅན་ཆོས་རྒྱལ། འདོད་ཁམས་དབང་མོ། རྣམ་སྲས་བཅས་ཀྱི་སྨན་སྐུ་དང་། དམ་ཅན་རྡོ་རྗེ་ལེགས་པའི་སྨན་སྐུ་སྲོག་འཁོར་བླ་རྡོ་དང་བཅས་པ། གྲུབ་ཆེན་རིག་འདྲའི་ཕྱག་རྐང་། རྔ་རོལ་རྐང་གླིང་། མགོན་ཆོས་རྣམས་ཀྱི་ཞལ་འབག་བཅས་ཕྱི་ནང་གསང་བའི་རྟེན་རྫས་ཁྱད་པར་བ་མང་དུ་བཞུགས་ཤིང་། སྡེ་འདི་གསར་འདེབས་མཛད་སྐབས་མགོན་པོ་ཕྱག་དྲུག་པ་དང་དཔལ་ལྡན་དམག་ཟོར་མ་གཉིས་མགོན་པོའི་སྲུང་མའི་གཙོ་བོར་མངའ་གསོལ་ཏེ་གཉེར་གཏད་བྱིན་རླབས་མཛད་པས། འཕྲིན་ལས་མྱུར་ཞིང་བཀའ་གཉན་པ། རྒྱུན་གཏོར་དང་བསྐང་གསོལ་ངེས་གཙང་དགོས་པ་ཀུན་ལ་མཐུན་སྣང་དུ་གྲུབ་པ་འདི་ཡིན་ནོ།།

བྱམས་ཁང་ཆེན་མོར་གཙོ་སྐུ་རྗེ་བཙུན་བྱམས་པ་དགུང་ལོ་བཅུ་གཉིས་པའི་ཚད། འཁོར་འཇམ་གསང་གཉིས། སྨན་བླ་བདེ་གཤེགས་བརྒྱད་ཀྱིས་བསྐོར་བ། སྟེང་དུ་ལྟུང་བཤགས་སོ་ལྔ། གནས་བརྟན་བཅུ་དྲུག་ ཚེ་ལྷ་རྣམ་གསུམ། ཛམ་ལྷ་རིགས་ལྔ། གདུགས་དཀར། སྒྲོལ་མ། ནོར་ལྷ་བཅས་ཀྱི་ཞལ་ཐང་དང་། དབུས་ན་ཚེ་དཔག་མེད་ཀྱི་དཀྱིལ་འཁོར། བླ་མཆོད་ཚོགས་ཞིང་། རྣམ་རྒྱལ་མ་བཅས་བཞུགས་ཤིང་། སྒོའི་གཡས་ན་རྟ་མགྲིན། གཡོན་ན་མགོན་ཆོས་ལྔ། གནོན་སྦྱིན་དྲེགས་པ་ལྕམ་སྲིང་། སྒོའི་ཕྱིའི་ལྡེབས་རིས་སུ་རྒྱལ་ཆེན་སྡེ་བཞི་བཅས་བཞུགས་སོ།།

འདུ་ཁང་ཆེན་མོའི་གྱན་ཐང་གི་སྐོར་ལ། སྟེང་གི་གཡས་སུ་གསང་འདུས། འཇིགས་བྱེད་ལྷ་བཅུ་གསུམ་མ། དབུས་ན་འཇམ་དབྱངས་ཀུན་གཟིགས། དམར་སེར། སྨྲ་སེང་། སྟེང་གི་གཡོན་དུ་བདེ་མཆོག གསང་བདག་འཁོར་ཆེན། འོག་གི་དབུས་ན་བླ་མཆོད་ཚོགས་ཞིང་། གཡས་སུ་གནས་བརྟན་བཅུ་དྲུག སྤྱན་རས་གཟིགས་ཕྱག་སྟོང་སྤྱན་སྟོང་། གཡོན་དུ་བྱམས་པའི་ཞིང་བཀོད། འོད་དཔག་མེད་ཀྱི་ཞིང་ལྔ་ལྡན་བཅས་རིམ་པར་བཞུགས་ཤིང་། གཡས་གཞོགས་སུ་སྨན་བླ་བདེ་གཤེགས་བརྒྱད། ངན་སོང་སྦྱོང་བའི་རྒྱལ་པོ་ཀུན་རིག་རྣམ་པར་སྣང་མཛད་ཀྱིས་གཙོས་ཀུན་རིག་གི་ལྷ་སོ་བདུན། སྒྲོལ་མ་འཇིགས་པ་བརྒྱད་སྐྱོབ་མ། གདུགས་དཀར་ཕྱག་སྟོང་སྤྱན་སྟོང་། ཛམ་ལྷ་རིགས་ལྔ་བཅས་དང་། གཡོན་གཞོགས་སུ་རིམ་བཞིན་ལྟུང་བཤགས། འཇམ་དབྱངས་དམར་སེར། བྲིས་སྐུ་མཐོང་བ་དོན་ལྡན། རྣམ་རྒྱལ་མ། ལྷ་མོ་གྲྭ་ལྔ། ཡར་འཁོར་ན་མགོན་པོ་ཕྱག་དྲུག་པ། དམ་ཅན་བཅས་ཀྱི་གྱན་ཐང་དང་། སྒོའི་ཕྱིའི་གཡས་གཡོན་དུ་རྒྱལ་ཆེན་སྡེ་བཞི། སྲིད་པའི་འཁོར་ལོ། མི་འཇིག་གནས་ལྔ་བཅས་དང་། སྟེང་གི་རྒྱ་མཐོངས་ཁར་རྒྱན་དྲུག་མཆོག་གཉིས། རྗེ་སྟོང་ཐང་། སྒྲོལ་མའི་སྟོང་ཐང་། འཇམ་དཔལ་ན་ག་རཀྵ་ཞལ་ཁེབས་ཅན། སངས་རྒྱས་སྟོང་ཐང་བཅས་རིམ་པས་བཞུགས་ཤིང་། བར་ཐོག་གཡས་གཞོགས་སུ་མགོན་ཁང་དང་། གཡོན་ཕྱོགས་སུ་མགོན་དཀར་གཏེར་སྒྲུབ་ཁང་ཡོད། དབུས་སུ་ཀུན་དགའ་ར་བ་ན་ལྟུང་བཤགས་སོ་ལྔ།ཤེལ་གྱི་བྱང་ཆུབ་མཆོད་རྟེན། ཇོ་བོ་མི་འགྲོ་གསུང་བརྗོད། དགེ་འདུན་འདུ་བའི་འཁོར་ལོ། འཇིགས་བྱེད་དཀྱིལ་འཁོར། གསེར་ཟངས་ཀྱི་ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ། རྡོ་གཡང་ཊིའི་མཆོད་རྟེན། སྟེང་དུ་བྱམས་སྐུ་ཁྲུ་གསུམ་གྱི་ཚད། སྣར་ཐང་བཀའ་འགྱུར། རྗེ་དགེ་ལེགས་མ། སྒོ་མང་དགེ་འདུན་བསྟན་པ་དར་རྒྱས་ཀྱི་འདྲ་སྐུ་བཅས་དང་། གཞན་ཡང་སྐུ་གདུང་མཆོད་རྟེན་གཉིས། བློ་བཟང་ཉི་མའི་འདྲ་སྐུ། གྲུབ་ཆེན་བེ་རིའི་འདྲ་སྐུ། བློ་བཟང་ཉི་མའི་གཅོད་ཌར། བེ་རིིའི་གཅོད་ཌར་སོགས་མཆོད་རྫས་བྱིན་ཅན་མཐའ་ཡས་པ་བཞུགས་སོ།། ང་བརྒྱད་དང་རིག་གསར་སྐབས་སྔོན་གྱི་འདུ་ཁང་དང་ལྷ་རྟེན་རྣམས་ཡོངས་སུ་འཇིག་ནའང་། ཏང་གི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ལྟར་ཆོས་ལུགས་དང་མོས་རང་དབང་གི་སྲིད་ཇུས་སླར་ཡང་དགུང་ནས་འཕགས་ཏེ་སངས་རྒྱས་ཀྱི་བསྟན་པ་དར་བའི་དབུ་ཚུགས་ཏེ། ཆོས་སྡེ་ཆེན་པོ་འདི་ཉིད་ཀྱི་འདུ་ཁང་ཆེན་མོར་གསར་དུ་བཞེངས་པའི་ལྷ་རྟེན་གཙོ་བོ་ནི་དབུས་ཀྱི་བླ་མ་མཁན་ཁྲི་རིམ་བྱོན་གྱི་ཁྲི་ཆེན་གྱི་སྟེང་དུ་བླ་མཆོད་ཚོགས་ཞིང་། ཁྲིའི་གཡས་ཀྱི་ཀུན་དགའ་ར་བར་གཙོ་སྐུ་སྟོན་པ་གཙོ་འཁོར་གསུམ་ཁྲི་དྲུག་འགྱོགས། གནས་བརྟན་བཅུ་དྲུག་དང་། རྒྱལ་ཆེན་སྡེ་བརྒྱད། དགེ་བསྙེན་དྷི་རྨ་དང་ཧྭ་ཤང་བཅས་ཀྱིས་བསྐོར་བ། དེའི་གཡས་སུ་གཙོ་སྐུ་འཇིགས་བྱེད་ལྷ་བཅུ་གསུམ་མ། ཞོལ་དུ་མགོན་པོ། ལྷ་མོ། ཆོས་རྒྱལ། རྣམ་སྲས་བཅས་ཀྱིས་བསྐོར་བ། སྟེང་དུ་བཀའ་འགྱུར་རིན་པོ་ཆེ་བཞུགས། ཁྲིའི་གཡོན་གྱི་ཀུན་དགའ་ར་བར་གཙོ་སྐུ་རྗེ་ཡབ་སྲས་ཁྲི་དྲུག་འགྱོགས། བློ་བཟང་ཉི་མའི་འདྲ་སྐུ་དང་། ཇོ་བོ་རྗེ། འཇམ་དཔལ་དབྱངས། ཚེ་ལྷ་རྣམ་གསུམ། རྒྱན་དྲུག་མཆོག་གཉིས་ཀྱིས་བསྐོར་བ། དེའི་གཡོན་དུ་གཙོ་སྐུ་བྱམས་པ་ཁྲི་དྲུག་འགྱོགས། ཞོལ་ན་སྒྲོལ་ལྗང་། ཇོ་སྐུ་བྱིན་ཅན། སློབ་དཔོན་སྣང་སྲིད་ཟིལ་གནོན། ཟངས་ཀྱི་རྣམ་རྒྱལ་མཆོད་རྟེན། བྱང་ཆུབ་མཆོད་རྟེན་བཅས་ཀྱིས་བསྐོར་བ། སྟེང་དུ་བསྟན་འགྱུར།རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ། ཐུའུ་བཀྭན་གསུང་འབུམ། རྗེ་འཇིགས་མེད་བསམ་གཏན་གྱི་གསུང་ཐོར་བུ་བཅས་བཞུགས། འདུ་ཁང་གི་གཡས་ཕྱོགས་སུ་ཐུགས་རྗེ་ཆེན་པོ། ཀུན་རིག་འོད་དཔག་མེད་ཀྱི་ཞིང་བཀོད་བཅས་གྱན་ཐང་གསུམ། གཡོན་ངོས་སུ་སྐྱབས་འགྲོའི་ཚོགས་ཞིང་། ལྟུང་བཤགས། གདུགས་དཀར་བཅས་གྱན་ཐང་གསུམ་བཞུགས་ཤིང་། སྒོ་ཁྱམས་དུ་རྒྱལ་ཆེན་སྡེ་བཞི། རིགས་ལྡན་ཞིང་བཀོད། སྲིད་པའི་འཁོར་ལོ་བཅས་གྱན་ཐང་བཞི། མ་ཎི་འཁོར་ལོ་བརྒྱད་བཞུགས། མགོན་ཁང་དུ་འཇིགས་བྱེད། མགོན་པོ། ལྷ་མོ། ཆོས་རྒྱལ། རྣམ་སྲས། གནོད་སྦྱིན་དྲེགས་པ་ལྕམ་སྲིང་། སེང་གདོང་མ། ཁྲོས་ནག་སྡེ་ལྔ། དམ་ཅན་རྡོར་ལེགས། ཡུལ་ལྷ་བཅས་ཀྱི་ཞལ་ཐང་དང་། ཆོས་སྐྱོང་རྣམས་ཀྱི་ཞལ་འབག་དང་ཕྱི་ནང་གསང་བའི་ལྷ་རྟེན་མང་དུ་བཞུགས་སོ།།

 

ལོ་རེའི་ཆོས་ཐོག་ནི། གཉིས་པའི་ཚེས་གསུམ་ནས་ཞབས་བརྟན་ཆེན་མོ་ཉིན་བདུན། ཟླ་རེའི་སྤྱི་སྒར་གྱི་དུས་མཆོད་ཆག་མེད། ནག་ཟླའི་ཚེས་གཅིག་ནས་བཅུ་བཞི་ལ་རྡུལ་ཚོན་ལ་བརྟེན་པའི་ཀུན་རིག་དཀྱིལ་འཁོར་སྒྲུབ་མཆོད། ཉ་ལ་སྦྱིན་སྲེག ས་ག་ཟླ་བའི་ཚེས་གཅིག་ནས་དྲུག་ལ་བཞི་བའི་མཆོད་པ། ཚེས་བདུན་བརྒྱད་ལ་སྨྱུང་གནས། དགུ་ནས་བཅུ་གསུམ་ལ་བཞི་བའི་སྨོན་ལམ། བཅུ་བཞི་བཅོ་ལྔ་ལ་སྨྱུང་གནས་བཅས་དང་། དྲུག་པའི་ཉ་ནས་བཀྲ་ཤིས་གསོ་སྦྱོང་ཚོགས་ཤིང་དབྱར་གནས་ཀྱི་མགོ་ཚུགས། བདུན་པའི་ཚེས་བཅུ་ནས་བཅུ་དྲུག་ལ་མགོན་དཀར་གཏེར་སྒྲུབ། ཚེས་སུམ་ཅུའི་ཉིན་དགག་དབྱེ། བརྒྱད་པའི་ཚེས་གཅིག་ལ་དབྱར་སྟོན་རོལ། དགུ་བའི་ཉ་ནས་བདེ་མཆོག་སྒྲུབ་མཆོད་ཉིན་བཅུ། ཉེར་དགུ་ལ་མགོན་ཁང་གི་རྒྱུན་གཏོར་བརྗེ། བཅུ་བའི་ཚེས་གཅིག་ནས་སྒར་བའི་བསྐང་ཆེན་ཉིན་ལྔ། ཚེས་བདུན་ལ་ཁྲོས་ནག་གསུངས་ཤིང་། ཚེས་བཅུ་ལ་ལོ་རེར་ཞི་རྒྱས་དབང་དྲག་གི་སྦྱིན་སྲེག་རེས་མོས་སུ་གཏོང་། ཚེས་བཅུ་དྲུག་ནས་སྤྱི་སྡེ་སྐུ་རིམ། ཉེར་བཞི་ནས་བཅུ་བའི་ལྔ་མཆོད་ཉིན་དྲུག ཉེར་དགུ་ལ་མགོན་ཆོས་གསུངས་ཤིང་དྲུག་ཅུ་བའི་གཏོར་ཆེན་འཕེན། སྔགས་འཆམ་སྤྲོ། དགུན་ཉི་ལྡོག་ནས་སྒར་བའི་གཏོར་ཟློག་ཉིན་བདུན། ཟླ་བཅུ་གཉིས་པའི་ནང་བསྐང་ཆེན་ཉིན་འགའ་དང་། ཉེར་བཞི་ནས་ལོ་སར་ཚེས་གཅིག་བར་ཚེས་སྒྲུབ། རྒྱ་ལོའི་ཚེས་གཅིག་ལ་བླ་མར་ཚེས་སྒྲུབ་འབུལ། ཚེས་བདུན་ནས་སྨོན་ལམ་ཆེན་མོ། བཅུ་གསུམ་ལ་སྐྱ་འཆམ་སྤྲོ། བཅུ་བཞིའི་ཞོགས་པར་ཆོས་སྤྱོད་འདོན་ཆོག་ཕྱག་ལེན་ལྟར་དང་འབག་འཆམ་སྤྲོ་ཞིང་། ལྷ་འཆམ་གྱི་རིམ་པ་ལ་ཞྭ་ནག་པ་གཉིས་དང་། ཐོད་སྐམ་གཉིས། ཁྲ་ཕོ་རོག་གཉིས། བན་བོན་གཉིས། ཤྭ་བདའ་འཁོར་བཅས། ཨ་ཙ་ར་གཉིས། བག་ཙེ་ལྕམ་སྲིང་གསུམ། ཀེང་རུས་བཞི། འཆམ་མང་འཆམ་སྐོར་སྔ་ཕྱི་གཉིས་ཏེ། དམ་ཆེན་ཆོས་རྒྱལ་དང་། ཡི་དམ། མགོན་པོ། དཔལ་ལྡན་ལྷ་མོ། ཆུ་སྲིན། སེང་གེ བག་ཙེ་ཡབ་ཡུམ་ཟུང་། སྲོག་བདག ཙ་མུན་ཊི། ཁྲ། ཕོ་རོག ཞྭ་ནག་གཉིས། ཆེ་བ་མགར་དམར། ཆུང་བ་མགར་ནག་བཅས་ཉིན་གང་བོར་སྤྲོས་པའི་མཇུག་དྲུག་ཅུ་པའི་ལྡོག་ཆེན་འཕེན་ཞིང་། ཉ་ལ་བྱམས་པ་གླིང་སྐོར་དང་མཆོད་མཇལ་གཏོང་། མཇུག་ཏུ་གསོ་སྦྱོང་སོགས་དཀྱུས་ལྟར་རོ།།

ཞེས་པ་འདི་ནི་ཐིས་པ་དགོན་པའི་ལྷ་སྡེ་སྟག་རིག་སྡེ་བར་སྐྱེས་པའི་མཚོ་སྔོན་དགེ་འོས་སློབ་གྲྭ་ཆེན་མོའི་དགེ་མིང་ཙམ་འཛིན་པ་ལྕགས་ཐར་རྒྱལ་གྱིས་དེ་སྔར་བྲིས་ཤིང་《སྦྲང་ཆར》དུས་དེབ་ཏུ་བཀོད་ཟིན་པའི་ 《ཐིས་པ་དགོན་པའི་ལོ་རྒྱུས་རགས་བསྡུས》ཞེས་པའི་རྩོམ་ཐུང་ཞིག་གི་རྨང་གཞིའི་སྟེང་ཡང་བསྐྱར་ཁ་སྣོན་ཅུང་ཟད་དང་བཅས་ཏེ་སྦྱར་པའོ།།   

Named Temple Amdo Tipa Gön Trashi Chödzong

Contents

About

Collection Modern Writing from Qinghai Province
Visibility Public - accessible to all site users (default)
Author Chaktar Gyel
Year published 2018
Subjects
Places
Terms
Rights All copyrights held by the original author(s). Published by the University of Virginia Tibetan and Himalayan Library
Creative Commons Licence