ཀབ་རོན་གསེར་མོ་གཞོངས་ཀྱི་གནས་བཤད་མདོར་བསྡུས།

ཀབ་རོན་གསེར་མོ་གཞོངས་ཀྱི་གནས་བཤད་མདོར་བསྡུས།

མདོ་སྨད་ནོར་འཛིན་སྒེག་མོའི་ལྟོ་བར་གསེར་ལྡན་གཡུ་འབྲུག་འཁྱུག་པའི་གནས།།

དགེ་བཅུའི་རེ་ཁཱས་ཡུལ་ཁམས་ལེགས་སྤུད་ས་འཛིན་ཕྲེང་བའི་མུ་ཁྱུད་ཅན།།

བལ་བོ་བྲག་དཀར་མཐུ་སྟོབས་བཙན་པོས་འཇིགས་རུངས་རི་ཊའི་ཚོགས་ཀུན་འཇོམས།།

 འགལ་རྐྱེན་ཀུན་སེལ་སྡོང་གྲོགས་ལེགས་མཛད་ཕན་བདེ་ལེགས་ཚོགས་ཆར་དུ་བསྙིལ།།

མ་རུངས་བདུད་སྡེ་ཐལ་བར་རློག་ཅིང་དོན་གཉིས་འབྲས་བཟང་ཡོངས་འདུའི་ལྗོན།།

བཞི་བརྒྱ་རྩ་བཞིའི་ནད་ཀྱི་གཉེན་པོར་རྩི་ཤིང་སྔོ་སྨན་ཐང་མར་བརྡལ།།

རི་ཀླུང་ཀུན་ཏུ་ལྗོན་བཟང་སྣ་ཚོགས་སྤྲིན་ལྟར་དཀྲིགས་ཤིང་བསུང་ཞིམ་ལྡང་།

མེ་ཏོག་སྣ་བརྒྱ་ཚོམ་བུར་བཀོད་པའི་ནེའུ་གསིང་སྤང་ལྗོངས་འབྱམས་སུ་ཀླས།།

འདབ་ལྡན་ཚོགས་ཀྱི་གྲེ་འགྱུར་སྙན་མོ་སྙན་དབང་གསོ་བའི་བཅུད་དུ་སྨིན།།

རི་དྭགས་རྩ་ཆེན་རབ་ཏུ་འཕེལ་ཞིང་རི་ལུང་ཀུན་ཏུ་བག་ཕེབས་རྒྱུ།།

འབྲོག་པའི་ཕྱུགས་རིགས་འཕེལ་ཁ་རྒྱས་ཏེ་སྤང་ཐང་ཡངས་པའི་ཁྱོན་ཀུན་བཀླུབས།།

མཐའ་ཡས་ཞིང་སར་ལོ་ལེགས་འབྲས་བཟང་གཡུར་ཟ་ལྡེམ་པའི་ཁུར་གྱིས་ལྕི།།

སྐྱེས་པར་དཔའ་མཛངས་རྣམ་པར་བཀྲ་ཞིང་ཆོས་སྲོལ་བཟང་བོ་སྐྱེས་མའི་རྒྱན།།

མི་རྣམས་ཚུལ་ལྡན་སྡིག་སྤོང་དགེ་སྒྲུབ་རྣམ་དཀར་ལས་ལ་སྤྲོ་བས་འཇུག།།

བཤད་སྒྲུབ་བསྟན་པར་དད་པས་བཅིངས་ཤིང་མངོན་མཐོ་ངེས་ལེགས་འདུན་མའི་བཅུད།།

སྐྱེས་ཆེན་རིམ་བྱོན་གསེར་རིའི་ཕྲེང་བས་ཕན་བདེ་འགྱེད་པའི་མཐའ་མི་དཔོག།

ཚོགས་གཉིས་ཞིང་མཆོག་རྟེན་དང་བརྟེན་པར་བྱིན་རླབས་ཚན་ཁའི་གཟི་དཔལ་འབར།།

ཡན་ལག་བརྒྱད་ལྡན་བདུད་རྩིའི་རྒྱུན་གྱིས་རྣམ་ཐོས་མཛོད་ཀྱི་ལོངས་སྤྱོད་དྲངས།།

དགེ་བཅུ་ཚང་བའི་ཞིང་ཁམས་འདི་ཉིད་ཀབ་རོན་གཡང་འཁྱིལ་ཕྱུག་མོ་ལྗོངས།།

རྒྱལ་བསྟན་གཟི་དཔལ་ཕྱོགས་བཅུར་སྤྲོས་ཏེ་ཉོན་མོངས་མུན་དཔུང་མཐར་བཅིལ་ཅིང་།།

ནད་ཡམས་འཁྲུག་རྩོད་རྒུད་པའི་དཔུང་ཚོགས་ནམ་མཁའི་མཐའ་ལ་ཡལ་གྱུར་ཏེ།།

ཕན་བདེ་སྣང་བས་རྒྱལ་ཁམས་ཀུན་ལ་མཛེས་པའི་དཔལ་ཡོན་རྒྱས་གྱུར་ཅིག།

      ཆོལ་གསུམ་གྱི་ཡ་གྱལ་མདོ་སྨད་གསེར་ལྡན་འཛིན་མའི་ལྟེ་བ། ཁྱད་འཕགས་རྨ་སྨད་ས་ཡི་ཐིག་ལེ། རྨ་ཀླུང་སྔོན་མོ་དལ་གྱིས་འབབ་པའི་འགྲམ་བརྒྱུད་ན། ཁྲི་ཀ་རྟེན་རྫོང་ཞེས་པའི་ནང་ཚན་ཀབ་རོན་གཞོང་ཞེས་པའི་གནས་ངོ་མཚར་ཅན་འདི་ནི་ཁྲི་ཀ་རྫོང་གི་ལྷོ་ནུབ་ཀྱི་མཚམས་སུ་མང་རྫོང་མགོ་མང་གི་རུ་སྔུན་ཡུལ་ཚོ་དང་སྦྲེལ་ནས་ཆགས་ཡོད་ལ། ཆགས་གནས་ཀྱི་དབྱིབས་ནི་སྒོར་སྒོར་གཞོང་བ་ལྟ་བུ་ཞིག་ཡིན་པས་གཞོང་ཞེས་དང་། ཁོད་ཡངས་ཤིང་ཁྱོན་རྒྱ་ཆེ་བས་གཞོངས་ཞེས་འབོད་པ་དང་། ས་དཔྱད་མཁས་པས་གནས་འདིར་བཀྲ་ཤིས་པའི་རྟགས་མཚན་བཟང་བོ་སྟེ་པདྨ་འདབ་བརྒྱད་བཞད་པ་དང་མཚུངས་ཟེར། སླད་དུ་གནས་ཁྱད་པར་ཅན་ཞིག་ཡིན་པ་ཀུན་གྱིས་སྨྲས་མ་དགོས་པར་མཐོང་ལམ་དུ་གསལ་བོར་སྣང་།

      ཤར་ཕྱོགས་ཀྱི་གཡུ་ཐང་ཆེན་མོ་ནི་མཐའ་ཡས་ཤིང་ཁོད་སྙོམས་པ། སྤང་ལྗོངས་དང་ནེའུ་གསིང་རྣམ་པར་མཛེས་ཤིང་ཡིད་དུ་འོངས་པ། མེ་ཏོག་སྣ་བརྒྱ་བཞད་ཅིང་བསུང་ཞིམ་ལྡང་། རང་བྱུང་གི་རྩྭ་ཆུ་འཛོམས་པའི་ཕྱུགས་ཟོག་ཀུན་ཀྱི་རྩེད་ར་ལྟ་བུ་ཞིག་ཡིན་ལ། རྟ་ནོར་ལུག་གསུམ་གྱི་འཕེལ་ཁ་བརྟས་པ་དང་ཀུན་ཏུ་ཁྱབ་ནས་གདལ་ཡོད།

      ལྷོ་ཕྱོགས་སུ་ས་དགུ་བ་ཐོབ་པའི་ཨ་མྱེས་བྲག་དཀར་ནི་རྔམ་བརྗིད་ཀྱིས་སེང་གེ་བཞིན་དུ་ཀྲོང་ངེར་འགྱིང་བ་དང་། མཛེས་བརྗིད་རྔམ་པའི་བྲག་དཀར་སྐུ་མཆེད་གསུམ་ནི་འཁོར་ཚོགས་ཀྱི་བསྐོར་ནས་བརྗིད་ཉམས་ཀྱིས་བཞུགས་ཡོད་ལ། དེ་མ་ཟད་བྲག་རི་ཚར་དུ་དངར་བ་དང་ནགས་ཚལ་དང་རྩི་སྨན་མེ་ཏོག་སྣ་ཚོགས་འཁྲུངས་ཤིང་རྫ་ཆུ་བསིལ་མ་ཕྱོགས་ཀུན་ནས་འབབ་པ། གནས་འདི་ནི་སུམ་རྩེན་གྱི་གནས་མཆོག་ས་ལ་བབས་པ་བཞིན་དུ་མཛེས་སྡུག་ཤིན་ཏུ་ལྡན་ལ། ད་དུང་ཤིན་ཏུ་དཀོན་པའི་སྨན་རྩ་དང་རི་དྭགས་ཀྱི་རིགས་ཀྱང་མང་པོ་མཆིས། དེ་མ་ཟད་ལུས་ཕུང་གསོ་སྐྱོང་དང་ལྷག་ཏུ་པགས་སྲིན་གྱི་ནད་རིགས་ལ་ཕན་ཞིང་ལེགས་པའི་རང་བྱུང་གི་སྨན་ཆུའམ་གཏེར་ཆུ་ཚ་བོ་ཡང་གནས་འདི་རུ་ཡོད་མོད། ལོ་རེའི་དགུན་དུས་སུ་འདིར་ཁྲུས་གསོལ་ལ་ཡོང་མཁན་གྱི་རྒྱ་བོད་སོག་གསུམ་གྱི་མི་ཚོགས་ཧ་ཅང་མང་ལ། གཟུགས་ཕུང་ལ་ཕན་བདེ་གང་འཚམས་སྟེར་བ་ནི་སྨྲས་མ་དགོས་ལ། གཞན་བརྗིད་ཉམས་ཀྱིས་ནམ་མཁའི་མཐོངས་དབྱིངས་སུ་ཟུག་པའི་བྲག་རིའི་རྩེ་ན་ངོ་མཚར་བའི་གཡུ་མདོག་གི་མཚོ་མོ་ཞིག་འཁྱིལ་བ་ནི་ཨ་མྱེས་བྲག་དཀར་གྱི་དཔྲལ་བའི་དཀྱིལ་དབུས་སུ་གཡུའི་ཕྲ་རྒྱན་ཞིག་སྤུད་པ་དང་མཚུངས། རྟ་མཆོག་ཁ་འབབ་ལྟ་བུའི་ཡན་ལག་བརྒྱད་ལྡན་གྱི་ཀླུ་ཆུ་ནི་མཁའ་རུ་འཁྱུག་པའི་གཡུ་འབྲུག་སྔོན་མོ་ཞིག་དབྱིག་འཛིན་སྒེག་མོའི་པང་དུ་འཁྱུད་པ་བཞིན་གཤོང་འདི་ནས་སྟོང་ཆེ་ལུང་བ་བརྒྱུད། དེའི་འདོད་འཇོ་བདུད་རྩིའི་ཆབ་རྒྱུན་གྱིས་ལུང་ཁོག་ཆེན་པོ་འདིའི་སྐྱེས་འགྲོ་ཀུན་ལ་སྨན་ཞིང་མཐར་རྨ་ཆུར་ཐིམ། སྤྱིར་ཁྱད་འཕགས་ངོ་མཚར་གྱིས་སྡུག་པའི་ཕྱིའི་དག་གཙང་རང་བྱུང་གི་མཛེས་ལྗོངས་ཀྱི་བཀོད་པ་དང་ནང་བཅུད་འགྲོ་བའི་ཐུན་མིན་ལྷད་དང་བྲལ་བའི་སྲོལ་རྒྱུན་གྱི་རིག་གནས་སྒྱུ་རྩལ་གཉིས་ཀྱིས་ཟུང་འབྲེལ་ལ་བརྟེན། ལོ་རེར་རྒྱལ་ཁམས་ཕྱི་ནང་གི་ལྗོངས་རྒྱུ་བ་བགྲང་ལས་འདས་པ་གནས་འདིར་འགུག་བཏུབ་པ་དང་། ས་འདིའི་འབྱོར་བ་ཡང་མཐོར་འདེགས་གང་འཚམས་བྱེད་ཐུབ་བོ།།

      ནུབ་ཕྱོགས་སུ་རི་རྒྱལ་ལྷུན་པོ་ལྟ་བུ་བརྗིད་ཅིང་འགྱིང་བ་དེ་ནི་སྐྱེས་ལྷ་ཨ་མྱེས་བལ་བོ་ཡིན་ལ། ཁོང་ནི་གླིང་གེ་སར་ནོར་བུ་དགྲ་འདུལ་དང་གཉིས་སུ་མ་མཆིས་ཤིང་། ཉིན་མཚན་དུས་དྲུག་ཏུ་གོ་རྨོག་ཁྲབ་གསུམ་གྱིས་སྤྲས་ནས་ཆིབས་རྟ་ལ་བཞོན་ཏེ་དགྲ་འདུལ་གཉེན་སྐྱོང་གི་ལས་ལ་ཆས་པ་དང་མཚུངས། ལྷ་སྲིན་གནོད་སྦྱིན་དྲེགས་པའི་ཚོགས་རྣམས་ཀྱིས་རིང་ནས་མཚན་ཐོས་པ་ཙམ་གྱིས་འཇིགས་སྔངས་ཆེན་པོས་ཀུན་ནས་སྤ་གོང་བ་དང་། གནས་འདིའི་རོང་འབྲོག་མང་ཚོགས་ལ་ཉིན་གྱི་སོ་བ་དང་མཚན་གྱི་མེལ་ཚེ་བྱེད་པ། ཉིན་མཚན་ཀུན་ཏུ་གཟིགས་སྐྱོངས་དང་མགོན་སྐྱབས་ཚད་མེད་མཛད་བཞིན་འདུག་ལ། དེ་ནས་གཤོང་བ་འདིའི་དཀྱིལ་དབུས་སུ་སྦྲུལ་ལྕེ་སྡེ་བ་དང་དེའི་གོང་ན་སྐར་མ་ཐང་ཡུལ་སྡེ། ཞོལ་ན་མཐའ་བ་གྲོང་ཞེས་བོད་མི་འདུས་སྡོད་ཆེ་བའི་གྲོང་གསུམ་ཡོད། བོད་ཁྱིམ་ཁྱོན་སྡོམ་ཉིས་བརྒྱ་དང་ལྔ་བཅུ་ཡས་མས་མཆིས། བོད་ཀྱི་མི་གྲངས་ཕལ་ཆེར་སྟོང་གཅིག་ཟིན་ཙམ་ཡོད། གཞན་རྣམས་ཁ་ཆེ་དང་རྒྱ་རིགས་གཙོ་ཆེ་བའི་ཡུལ་ཚོ་རྐྱང་རྐྱང་ཡིན། ས་གནས་འདིའི་འཚོ་བ་གཙོ་བོ་ནི་ཞིང་ལས་ལ་བརྟེན་ཞིང་ཕྱུགས་འཚོ་བ་ཉུང་ངུ་ལས་མེད། གྲོ་ནས་སྲན་གསུམ་སོགས་འབྲུ་རིགས་སྣ་ལྔའི་ཐོན་ཁུངས་ཧ་ཅང་ལེགས་པ་དང་ལོ་ཏོག་ཁུར་གྱིས་སྨིན་ཕྱིར་གནས་འདི་ལ་འབྲུ་རིགས་ཀྱི་བང་མཛོད་ཅེས་འབོད་ཀྱིན་ཡོད། རི་བོས་མུ་ཁྱུད་དུ་བསྐོར་ཞིང་དེའི་སྟེང་དུ་ཕྱུགས་ལས་ཀྱི་ཐོན་ཁུངས་ལེགས་པས་འབྲོག་དམངས་ཡུལ་ཚོ་ཆེན་པོ་གསུམ་གནའ་དུས་ནས་འདིར་འཚོ་གནས་བྱེད་བཞིན་ཡོད་ལ། དེ་དག་ནི་ཤར་ཕྱོགས་ཀྱི་ལྷ་སྡེ་དང་ལྷོ་ཕྱོགས་ཀྱི་ཨ་ལག་ཨ་མྱེས། ནུབ་ཕྱོགས་ཀྱི་ཇེ་སེ་བཅས་ཡིན། གནས་འདིའི་ཞིང་འབྲོག་མང་ཚོགས་རྣམས་ཀྱི་གཤིས་རྒྱུད་བལ་ལས་འཇམ་ཞིང་ངང་རྒྱུད་དར་ལས་རིང་བ། ལས་ལ་བརྩོན་ཞིང་རྒྱུད་ལ་བྱམས་སྙིང་རྗེས་ཕྱུག་པས་གཏོང་ཕོད་ཆེ་བ། བཟོད་པའི་དཀྱེལ་ཡངས་པ། མང་ཚོགས་རྣམས་ཀྱི་ལུས་སེམས་གཉིས་ནི་བདེ་སྐྱིད་ཀྱི་དཔལ་ལ་ཅི་དགར་མྱོང་བར་རོལ།

       གནས་འདིར་རྔམ་མཐུག་པའི་རིག་གནས་ཕུན་སུམ་ཚོགས་པ་མཆིས་ཤིང་། མདོ་སྔགས་གཉིས་ཀྱི་རིས་སུ་མ་ཆད་པའི་སངས་རྒྱས་ཀྱི་གདམས་ངག་ཀུན་གྱི་རྗེས་སུ་སྐྱོངས་པ་དང་། གང་ལྟར་གནས་མཆོག་འདིར་གནའ་ནས་བཟུང་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་ཆེན་དམ་པ་དག་གིས་ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་བརླབས་པའི་ཚན་ཁ་དྲོན་མོ་དེ་ནམ་ཡང་མི་ཡལ་བར་གཏམས་པར་འཁྱིལ་ཡོད་ལ། གཞན་ཡང་མཁས་པ་དང་གྲུབ་པའི་དབང་ཕྱུག་མངོན་དང་མི་མངོན་པའི་ཚུལ་ཅི་རིགས་ཀྱིས་གནས་འདིར་ཕེབས་བཞུགས་མཛད་ནས་བསྟན་འགྲོའི་དོན་རྒྱ་ཆེར་མཛད་ཡོད་མོད། ཕེབས་བཞུགས་མཛད་མཁན་གྱི་སྐྱེས་ཆེན་དམ་པ་ནི་བགྲང་ལས་འདས་པའོ།། གྲུབ་པ་བརྙེས་པའི་རྣལ་འབྱོར་བ་ཡང་མང་དུ་བྱུང་ཡོད་པ་དང་། རེ་ཞིག་གྲགས་ཆེ་བ་ནི་མདོ་སྨད་སྒྲུབ་པའི་ཤིང་རྟ་ཆེན་མོ་རེབ་གོང་སྐྱབས་མགོན་ཚང་། བྱ་བཏང་བ་ཆེན་མོ་ཞབས་དཀར་ཚོགས་དྲུག་རང་གྲོལ། རེབ་གོང་གཡར་གཤོང་ཚང་། ཕུར་ཐོགས་སྟོང་གི་བདག་པོ་རྫོགས་སྤྲུལ་དགུ་རོང་ཚང་། ཨ་ཐིས་སྐུ་ཕྲེང་རིམ་བྱོན། རྒྱ་ཉག་སྐུ་ཕྲེང་རིམ་བྱོན། བན་ཤུལ་སྐུ་ཕྲེང་རིམ་བྱོན། ཁོ་ཚེ་སྐུ་ཕྲེང་རིམ་བྱོན། སྐུ་གཞོག་ཨ་རིག་ཚང་། ཁམས་ནས་ཕེབས་པའི་གཏེར་ཆེན་ཀ་ཐོག་པ་རིག་འཛིན་དཔའ་བོ་སྟོབས་ལྡན། བླ་མ་ཀུན་དགའ་འཇིག་མེད་རྡོ་རྗེ། འཇའ་ལུས་པ་མཁན་པོ་ནོར་བཟང་། གཏེར་སྟོན་གཉགས་བླ་སྟོབས་རྒྱལ་སོགས། གཞན་ཡིག་ཚོགས་ལ་འཇིགས་ནས་རེ་ཞིག་མཚམས་བཞག་པའོ།།

        གཡུ་ཐང་གི་ནུབ་ལོགས་སུ་ཚང་ཚིང་སྟུག་པའི་ནགས་ཚལ་གྱིས་བརྒྱན་པ། བྱ་བྱིའི་སྐད་སྙན་སྣ་ཚོགས་ཀྱིས་དབྱངས་ལ་གྱེར་ས། དེའི་དཀྱིལ་དབུས་ཀྱི་དགོན་གྲོང་ལུང་བའི་བྲག་ངོས་ན་བྲག་སྐྱ་རྡོ་རྗེ་རྫོང་ཞེས་པའི་གྲུབ་གནས་བྱིན་ཆགས་དེ་གནས་ཡོད་ཅིང་། རྨད་བྱུང་གི་དབེན་གནས་འདིར་དཀའ་ཐུབ་ཚངས་སྤྱོད་ལ་རོལ་བའི་རྣལ་འབྱོར་ཀུན་གྱིས་སྒྲུབ་པ་ཉམས་བཞེས་མཛད་པའི་བསྟི་གནས་མཆོག་ཡིན་ཏེ། གྲུབ་གནས་འདིར་ཕྱིས་སུ་ཆོས་སྡེ་ཆགས་ཡོད། དེ་ནི་རྗེའི་རིང་ལུགས་དྲི་མ་མེད་པ་སྐྱོང་བའི་རི་ཁྲོད་པའི་ཉམས་བཞེས་མཛད་པའི་གནས་མཆོག་ཅིག་ཡིན་པ་གོར་མ་ཆག   ཉེ་ལམ་རི་ཁྲོད་བྱ་བྲལ་བ་ཞལ་གྲངས་ཉི་ཤུ་ཡས་མས་གཏན་ཆགས་སུ་བཞུགས་ཡོད། གནས་འདིར་བསྟན་པའི་རྒྱལ་མཚན་མཁའ་རུ་སྒྲེང་ནས་རྒྱལ་བསྟན་ཉིན་མོར་མཛད་བཞིན་ཡོད།

        ཨ་མྱེས་བྲག་དཀར་སེང་གེ་འགྱིང་འདྲའི་འདབས་རོལ་ན། རི་བོ་མ་ལ་ཡའི་ཙན་དན་གྱི་དྲི་བསུང་སྤྲིན་ལྟར་འཁྲིགས་འདྲའི་ཤུག་པའི་ལྗོན་ཚལ་སྟུག་པོའི་དབུས་སུ། རབ་བྱུང་བཅོ་ལྔ་བའི་ནང་། སྤྱི་ལོ༡༨༦༤ལོར་བན་ཤུལ་བླ་མ་ཁྱ་དགེ་རིན་པོ་ཆེ་བློ་བཟང་བཀྲ་ཤིས་རྒྱ་མཚོས་བན་ཤུལ་དགོན་བཤད་སྒྲུབ་རིན་ཆེན་གླིང་གསར་དུ་བཏབ། རིག་གསར་གྱི་སྔོན་དུ་བླ་སྤྲུལ་གཉིས་དང་དགེ་འདུན་པ་ཞལ་གྲངས་བརྒྱ་ཙམ་བཞུགས་ཡོད་ཟེར། འོན་ཀྱང་དུས་འགྱུར་གྱི་སྐབས་སུ་རྟེན་དང་བརྟེན་པ་ཡོད་ཚད་བརླགས་ནས་ལྷག་མེད་དུ་འཇིག་ཚར། ཉེ་ཆར་སྐུ་གཞོག་བན་ཤུལ་གྱིས་དབུ་ཁྲིད་དེ་དགེ་འདུན་པ་ཡོངས་དང་རྡོག་རྩ་གཅིག་སྒྲིལ་གྱིས་ཕྱིའི་འདུ་ཁང་དང་ལྷ་ཁང་། གྲྭ་ཤག་དང་སྤྱི་ཁང་། ནང་ཆེན་སོགས། གཞན་རྒྱལ་བའི་སྐུ་གསུང་ཐུགས་མངོན་པར་མཚོན་བྱེད་ཀྱི་རྟེན་ཁྱད་པར་ཅན་རྣམས་ལེགས་པར་བཞེངས། ད་ལྟ་སྐུ་ཕྱོགས་ཁོ་ཚེ་ཚང་དང་ཕྱག་ཤུལ་ཚང་སོགས་བླ་གྲྭ་སུམ་བཅུ་ལྷག་དགོན་དེར་བཞུགས། ནང་གི་ལུང་དང་རྟོགས་པའི་བསྟན་པ་དར་ཞིང་རྒྱས་པར་མཛད། རྒྱུན་སྤྱོད་ཀྱི་ཆོས་ཚོགས་དང་ཆོ་ག་ཕྱག་ལེན་གྱི་སྐོར་མ་ཡལ་བར་ཉམས་བཞེས་ངང་སྐྱོང་བཞིན་ཡོད་ལ། གྲྭ་ཚང་འདིས་མུ་མཐུད་དུ་དགེ་ལྡན་ཞྭ་སེར་བསྟན་པའི་རིང་ལུགས་དྲི་མེད་འཛིན་སྐྱོང་མཛད་མུས་ཡོད།

      དེ་ཡང་ནུབ་བྱང་མཚམས་ཀྱི་ཨ་མྱེས་བལ་བོའི་གནས་སྒོ་གླང་ཆེན་འགྱིང་འདྲའི་རི་རྒྱུད་དེའི་ངོས་ཟུར་ན། རྒྱལ་བ་གཉིས་པ་འཇམ་མགོན་བླ་མའི་རིང་ལུགས་དྲི་བྲལ་ལྷད་མེད་འཛིན་སྐྱོང་སྤེལ་གསུམ་གྱིས་སྐྱོང་མཛད་གནང་བཞིན་པའི་ཨ་ཐིས་བསམ་གཏན་གླིང་ཞེས་པའི་ཆོས་སྡེ་ཞིག  རབ་བྱུང་བཅུ་གཅིག་པའི་སྐབས་སུ་ཨ་ཐིས་སྐུ་ཕྲེང་གཉིས་པས་ཕྱག་གིས་བཏབ། དེ་རུ་ངུར་སྨྲིག་རབ་བྱུང་གི་སྡེ་དར་ཞིང་རྒྱས་པར་གནས་ཡོད་པ་དང་། དུས་འགྱུར་གྱི་སྔོན་དུ་དགོན་འདིར་བླ་མ་གཉིས་དང་གྲྭ་བ་བརྒྱ་ལྷག་བཞུགས་གསུངས། འདུ་ཁང་དང་སྐུ་གསུང་ཐུགས་ཀྱི་རྟེན་དང་བརྟེན་པ་རྒྱ་ཆེར་དར་ཡོད་མོད། འོན་ཀྱང་དུས་འགྱུར་གྱི་སྐབས་སུ་ཕལ་ཆེར་རྩ་བརླག་ཏུ་སོང་། དེང་གི་ཆར་གྲྭ་བ་ཞལ་གྲངས་ཉི་ཤུ་ཙམ་རྒྱུན་བཞུགས་མཛད་ཡོད། སྐུ་གཞོག་ཨ་ཐིས་སྐུ་ཕྲེང་བདུན་པ་སྐལ་བཟང་བཀྲ་ཤིས་རྒྱ་མཚོའི་ཐུགས་དགོངས་ལྟར་ཁོང་རིགས་གཙོས་དགེ་འདུན་པ་ཡོངས་སྐུ་ཚེགས་ལ་མ་འཛེམ་པར་འགན་ཕྲག་ཏུ་བླངས་ནས་དགོན་སྡེ་ཕྱིའི་ཁྱད་འཕགས་ཅན་གྱི་རྟེན་དང་བརྟེན་པ་གཙུག་ལག་ཁང་དང་ལྷ་ཁང་། གྲྭ་ཤག་དང་སྤྱི་ཁང་། ནང་ཆེན་བཅས་བཞེངས་སྐྲུན་མཛད་ཞོར་ནང་གི་བསྟན་པའི་སྙིང་བཅུད་དེ་ལུང་སྡེ་སྣོད་གསུམ་གྱི་འཆད་ཉན། ཐོས་བསམ་དང་ལམ་བསླབ་པ་གསུམ་གྱི་སྒྲུབ་པ་ཉམས་ལེན་གྱི་གནད་ཀྱི་སྐོར་ཉམས་པ་སོར་ཆུད་དང་མ་ཉམས་གོང་འཕེལ་དུ་རྩེར་བཏོན་ནས་ཚུལ་བཞིན་སྐྱོང་བ་དང་། རྒྱུན་སྤྱོད་ཀྱི་ཆོས་ཐོག་ཆག་མེད་ངང་འཚོགས་བཞིན་ཡོད། ཉེ་འཁོར་གྱི་ཉམ་ཐག་པའི་སྐལ་ལྡན་གྱི་གདུལ་བྱ་ཀུན་ལ་རྗེས་འཛིན་དང་ལེགས་ཚོགས་ཇི་སྙེད་བསྩལ་མུས་མཆིས།

       གཤོང་འདིའི་དཀྱིལ་དབུས་སུ་གསང་སྔགས་སྔ་འགྱུར་གྱི་གྲུབ་མཐའ་གཙོ་བྱས་པའི་རྫོགས་ཆེན་གྱི་ཆོས་བརྒྱུད་དྲི་མེད་ཀྱི་ཆོ་ག་ཕྱག་ལེན་དེང་གི་བར་ཟམ་མ་ཆད་པར་ཉམས་བཞེས་མཛད་ཀྱིན་ཡོད། སྔོན་འཇུ་མི་ཕམ་གྱི་སྐུ་སྐྱེ་སྟེ་དགུ་རོང་རྒྱལ་སྲས་མཆོག་ལ་ཁོང་གི་ཡབ་ཆེན་དགུ་རོང་ཏ་བླ་མའམ་འཇིགས་བྲལ་ཆོས་དབྱིངས་རྡོ་རྗེས་ཀབ་རོན་གཞོང་གི་བླ་དཔོན་གཅིག་ལྕོགས་ཀྱི་མངའ་དབང་གནངས་ཡོད་ལ། ཕྱིས་སུ་དམ་པ་ཁོང་གིས་བན་ལེའི་དཔོན་ལ་བཀའ་བསྒོས་ཀྱིས་གནས་འདིར་མངགས་ཏེ་ཆོས་སྲིད་གཉིས་ཀྱི་ལས་འཕྲོ་མཐའ་དག་བསྐྱངས་སུ་བཅུག ཁོང་གིས་བསྟན་འགྲོའི་དོན་དུ་སྔགས་ཁང་ཞིག་ཕྱག་བཙུགས་གནང་། དེ་ལ་གསང་སྔགས་བདེ་ལྡན་དགའ་བ་གླིང་ཞེས་མཚན་གསོལ་ནས། ཕྱིས་སུ་ཉམས་བཞེས་མཛད་མཁན་གྱི་གོས་དཀར་ལྕང་ལོ་ཅན་གྱི་སྡེ་ཡང་འཕེལ་ཞིང་བརྟས་བས། གཙོ་བོར་སྔ་འགྱུར་གསང་སྔགས་རྒྱུད་སྡེའི་སྐོར་ལ་ཉམས་སུ་ལེན་པར་བྱེད། གཞན་ནུབ་རྫོགས་སྒར་གྱི་བླ་མ་ཡིད་བཞིན་ནོར་བུའམ་འཇིགས་མེད་ཕུན་ཚོགས་མཆོག་གིས་ཐུགས་དགོངས་ལྟར་གྲུབ་པ་ཆེན་མོ་དགུ་རོང་བླ་མའི་སྐྱེ་མཐའ་ཅན་ཞིག་གིས་རྟེན་བྱིན་ཅན་བྱང་ཆུབ་མཆོད་རྟེན་ཆེན་མོ་ཞིག་གནས་འདིར་བཞེངས། ཕྱིས་སུ་སྤྲུལ་སྐུ་པདྨ་བྱང་ཆུབ་རྡོ་རྗེ་མཆོག་གིས་མཆོད་རྟེན་འདིར་ཐུགས་འཁུར་ཆེན་པོ་གནངས་ནས་ཞིག་གསོ་མཛད།

      སྤྱིར་ཟླ་རེར་ཚེས་བཅུའི་རྒྱུན་ཚོགས་དང་ཧོར་ཟླ་བཞི་བའི་བདེ་ཆེན་ཞིང་སྒྲུབ་འཚོགས་པ་དང་། གཞན་སྡེ་བའི་མ་ཎི་ཁང་ཞིག་གསར་བཞེངས་ཡོད་ལ། ལོ་རེར་ས་གནས་དད་ལྡན་མང་ཚོགས་ཀྱིས་ཧོར་ཟླ་བཞི་བ་དང་ལྔ་མཆོད་སྐབས་སུ་བསྙུང་གནས་མཉམ་དུ་སྲུང་སྲོལ་དང་། གདུགས་དཀར་སྒྲོགས་འདོན་དང་སྔགས་བཟླ་བ། རྒྱ་ལོ་མར་མེ་ཆེན་མོ་བཅས།  གྲུབ་མཐའི་རིས་སུ་མ་ཆད་པའི་གོང་གི་རྒྱུན་སྤྱོད་ཀྱི་ཆོ་ག་དང་ཆོས་ཐོག་བར་མ་ཆད་པར་རྒྱུན་སྐྱོང་མཛད་བཞིན་ཡོད།

      དེ་ལས་གཞན་བོད་ཀྱི་ཉག་ཕྲན་མདའི་རིག་གནས་ནི་ཕུན་སུམ་ཚོགས་པ་དང་རྣམ་གྲངས་ཀྱང་ཤིན་ཏུ་མང་། ལོ་རྒྱུས་ཀྱང་ཧ་ཅང་རིང་ལ། སྡུད་པར་བྱས་ན་ཕལ་ཆེ་བ་བཀྲ་ཤིས་པའི་མཚོན་རྟགས་ཡིན་ལ། དཔེར་ན་གཡང་མདའ་དང་ལྷ་མདའ། གཉེན་མདའ་ལྟ་བུ། འདིར་ཡིག་ཚོགས་ལ་འཇིགས་པའི་རེ་ཞིག་མཚམས་འཇོག་པའོ།། སྐབས་བབ་ཀྱི་དོན་ནི་ས་འདིའི་ཞིང་བའི་ཕོ་གསར་ཞིག་ལ་མཚོན་ན་ཉག་ཕྲན་མདའ་མོ་ནི་ཆེས་མེད་དུ་མི་རུང་བའི་གོ་ཆའམ་རོལ་རྩེད་ཅིག་ཡིན་པས། ཁོ་ཚོས་མདའ་རྩེད་ཀྱི་སྔོན་ལ་ངེས་པར་དགྲ་ལྷ་ཝུར་མའི་དར་འཛུགས་དང་དབང་བསྟོད། བསང་མཆོད་དང་བསྐང་བཤགས། ལབ་རྩེ་བསྟོད་པ་བཅས་ལ་བརྟེན། མི་མཐུན་པའི་འགལ་རྐྱེན་དང་བགེགས་བར་ཆད་མཐར་སྐྲོད་ཕྱིར་ཟློག་སོགས་ཀྱི་ཆོ་ག་བྱེད་སྒོ་མང་པོ་སྒྲུབ་ནས་ལོ་གསར་བ་འདིའི་ནང་ཁ་ལས་རླུང་རྟ་དར་བར་བྱེད་སྲོལ་འདུག  དེ་མིན་ལོ་སར་དུས་སྟོན་གྱི་སྐབས་སུ་སྡེ་བ་ཕན་ཚུན་གདན་དྲངས་ནས་མདའ་མོ་འགྲན་སྡུར་གྱི་ལྟད་མོ་སྟོན་པ།དེ་ལ་མདའ་རྩེད་ཀྱང་ཟེར། མདའ་འཕངས་ཚར་རྗེས་སྡེ་བའི་རྒན་དར་གཞོན་གསུམ་ཕོ་མོ་འདྲ་མཉམ་གྱིས་སྡེ་བའི་སྤྱི་ཁང་དུ་འཚོགས་ནས་མཉམ་དུ་གླུ་ལེན་གར་རྩེད་བྱེད་པར་མ་ཟད་ལོ་སར་མཉམ་རོལ་བྱེད་པའི་སྲོལ་ཡང་ཡོད། དེའི་ཕྱིར་མདའ་ཉག་ཕྲན་ལ་བརྟེན་ནས་སྲོལ་རྒྱུན་གྱི་རིག་གནས་དར་སྤེལ་དང་མཐུན་སྒྲིལ་དང་འཆམ་མཐུན། མཉམ་གནས་བཅས་ཡ་རབས་སྤྱོད་བཟང་གི་དམངས་སྲོལ་དག་རྒྱུན་སྐྱོང་བྱེད་བཞིན་འདུག

Contents

About

Collection Modern Writing from Qinghai Province
Visibility Public - accessible to all site users (default)
Author ཚེ་ལོ་ཐར།
Year published 2019
Original year published 2019
Language Amdo Group
Subjects
Places
Creative Commons Licence