བོད་ཀྱི་ཡུལ་སྲོལ་རིག་གནས་བཤད་པ།

བོད་ཀྱི་ཡུལ་སྲོལ་རིག་གནས་བཤད་པ།

                                               བླ་ནག་པ་སྐལ་ལྡན་རྒྱ་མཚོ།  (མགོ་ལོག)

             བོད་ནི་ཡུལ་སྲོལ་རིག་གནས་ཀྱི་གཏེར་མཛོད་ལྟ་བུ་ཡིན་ལ།  བོད་མི་རྒན་པ་དག་ནི་གཏེར་མཛོད་ཀྱི་གསང་བའི་ལྡེ་མིག་ཉར་མཁན་ཡིན་ནོ།།                      —ཐོག་མའི་གཏམ། 

       དེ་ཡང་ཉེ་རབས་ལོ་ཙཱ་བ་རེ་འགས་རྒྱ་སྐད་ཀྱི་民俗ཞེས་པ་དམངས་སྲོལ་དང་།  民间文化ཞེས་པ་དམངས་ཁྲོད་རིག་གནས་སུ་བསྒྱུར་ནས་དེ་ཉིད་བོད་ཡིག་ཁྲོད་རྒྱུན་འབྱམས་སུ་འགྲོ་བཞིན་ཡོད་ནའང་།   བོད་ལ་རིག་གནས་འདི་ཉིད་བྱུང་སྔ་བའི་རྒྱུ་མཚན་གྱིས་དེའི་དོན་མཚོན་བྱེད་ཀྱི་མིང་བརྡའང་ཆེས་སྔ་མོ་ནས་ཡོད་པས་རང་སྐད་བེད་སྤྱོད་བྱེད་རྒྱུ་གལ་ཆེ།  དེས་ན་བོད་ཀྱིས་འདི་ལ་ཅི་ཟེར་ཞེ་ན།  རང་སྐད་དུ་ཡུལ་ཆོས་སམ་ཡུལ་སྲོལ་རིག་གནས་ཟེར་བས་གཤམ་ནས་ཀྱང་དེ་ལྟར་བཤད་རྒྱུ་ཡིན།      

 སྤྱིར་རིག་གནས་ཀྱི་གོ་དོན་ནི།  ཕྱི་གླིང་བའི་ཡི་གེར་cultureཞེས་པ་དང་cultus  agri  ཡང་ན་Cultus  decorumསོགས་ཀྱི་དོན་ནི་ཞིང་འདེབས་པ་དང་དར་འབུ་གསོ་བ་ལ་སོགས་རྨོ་འདེབས་དང་སྐྱེད་སྲིང་།   སློབ་གསོ་དང་འཕེལ་རྒྱས་སོགས་རང་བྱུང་མ་ཡིན་པའི་མིས་བློ་གྲོས་ཀྱི་རྩོལ་བར་བརྟེན་ནས་བྱུང་བའི་བྱ་དངོས་སོགས་ལ་གོ་བ་སྟེ།   དཔེར་ན།   རི་སྐྱེས་སྲོག་ཆགས་དང་རྩི་ཤིང་ནི་རིག་གནས་མིན་མོད།   མིའི་བློ་གྲོས་ལ་བརྟེན་ནས་བྱུང་བའི་ཕྱུགས་རིགས་སྐྱོང་ཐབས་དང་ལོ་ཏོག་འདེབས་འཛུགས་བྱེད་པ་ནི་རིག་གནས་ཡིན་པར་བཤད་པ་ལྟ་བུའོ།།  

  དེ་བཞིན་རང་རེའི་བོད་ཀྱི་ཡུལ་དུའང་ཆེས་གདོད་མ་སྟེ་མིའི་འགྲོ་བ་བྱུང་ནས་འཚོ་གནས་ཀྱི་གོམ་གཤིས་ཆགས་པ་དང་སྐད་ཆ་བྱུང་བ་ནས་རིག་གནས་ཀྱི་མ་ལག་གྲུབ་འགོ་བརྩམས་ཤིང་།   རིམ་བཞིན་འཚོ་བའི་དགོས་མཁོ་དང་འདུ་ཤེས་ཀྱི་འགྱུར་ལྡོག་ལ་བསྟུན་ཏེ་ཆ་ཚང་ནས་སྣ་མང་ཅན་དང་།  དེ་ནས་རྒྱུན་རིང་བའི་ལོ་རྒྱུས་ཀྱི་འཕེལ་རིམ་ཁྲོད་གཏེར་མཛོད་ལྟ་བུར་གྱུར་བ་ཡིན།  

  དེ་ཡང་ཐོག་མར་དངོས་པོའི་དཔལ་ཡོན་དར་ཚུལ་ནི།  མིའི་འགྲོ་བ་བྱུང་བའི་གོ་རིམ་ཁྲོད་འགྲོ་འཆག་ཉལ་འདུག་གི་འཚོ་བའི་དགོས་མཁོ་བཞིན་ལག་ཆ་དང་སྣོད་ཆས་སྣ་ཚོགས།  གྱོན་ཆས་དང་འགྲིམ་འགྲུལ་ཡོ་ཆས་སོགས་གསར་བསྐྲུན་བྱས་ཤིང་།   བསམ་བློའི་དཔལ་ཡོན་ནི།   རང་བྱུང་གི་ལྐོག་གྱུར་སྣང་ཚུལ་འདྲ་མིན་གྱིས་བསྐྱེད་པའི་མཚར་སྣང་དང་བསམ་པའི་ལོངས་སྤྱོད་ཀྱི་དགོས་མཁོ་བཞིན་ལྷ་ལ་དད་ཅིང་སྐྱབས་སུ་འགྲོ་བ་དང་།  འདྲེ་གདོན་ལ་སྐྲག་ཅིང་འདུལ་བའི་ཐབས་འཚོལ་བ།   རྣམ་ཤེས་ཀྱི་འཕོ་ཉུལ་ལ་ངེས་ཤེས་རྙེད་དེ་བླ་གནས་བཀུར་བ་དང་ཚེ་སྲོག་གི་སྐྱེ་རྒྱུན་འཚོལ་བ་སོགས་ཚེ་སྲོག་རིག་པར་བསམ་བློ་གཏིང་ཟབ་གཏོང་བའི་འགོ་ཚུགས་པ་ནས་རིམ་བཞིན་ཆོས་ལུགས་རིག་གནས་སོགས་བསམ་བློའི་ལོངས་སྤྱོད་ཀྱི་རིག་གནས་གསར་བསྐྲུན་བྱས་པ་ཞིག་ཡིན་ལ།   དེ་ཡང་ཆོས་ལུགས་ནི་དད་མོས་ཙམ་མ་ཡིན་པར་རིག་གནས་དང་སྒྱུ་རྩལ་མང་བོ་ཞིག་གི་འབྱུང་ཁུངས་སུ་གྱུར་ཡོད།  

  དེ་བས་མིའི་རིགས་ཀྱི་དཔལ་ཡོན་དང་རིག་གནས་ནི་ཕལ་ཆེར་མིའི་འགྲོ་བ་བྱུང་ནས་མང་བོ་མ་འགོར་བའི་སྐབས་ནས་བྱུང་བ་ཞིག་ཡིན་པ་ཤེས་ཐུབ།   དེས་ན་རིག་གནས་ཀྱི་ཐོག་མ་ནི་དམངས་ཁྲོད་ནས་དར་ཁྱབ་བྱུང་བ་དང་རིག་གནས་ཀྱི་གསར་བཏོད་པ་ནི་མང་ཚོགས་ཡིན་ལ།   མིའི་རིགས་ཀྱི་རིག་གནས་ཐོག་མ་ནི་སྲོལ་རྒྱུན་གྱི་དམངས་ཁྲོད་རིག་གནས་ཡིན་པས།   ཞིབ་འཇུག་པ་ཚོས་ཡུལ་ཆོས་རིག་གནས་ཀྱི་མིང་གཞན་ལ་སྲོལ་རྒྱུན་རིག་གནས་ཀྱང་ཟེར།   དེས་ན་འདི་ལ་ལོ་རྒྱུས་ཀྱི་རིན་ཐང་དང་རིག་གནས་ཞིབ་འཇུག་གི་རིན་ཐང་བླ་མེད་ལྡན་པའང་ཤེས་དགོས།   

དཔེར་ན།  སྔོན་ཆད་མི་རེ་འགས་མི་ལ་གྲལ་རིམ་གྱི་དབྱེ་བ་བཀར་བ་དང་བསྟུན་ཏེ་དམངས་ཁྲོད་ཀྱི་རིག་གནས་ལའང་དེ་བཞིན་གྱི་ཚད་དམའ་བའི་གདེང་འཇོག་ཙམ་ལས་བྱེད་ཀྱིན་མེད་ཅིང་།   རྗེས་སུ་དབྱིན་ཅིའི་མིའི་རིགས་རིག་པ་སྨྲ་བ་སྐུ་ཞབས་ཐང་མུའུ་སི་ཡིས་ཆེས་ཐོག་མར་དམངས་སྲོལ་ཞེས་པའི་རིག་ཚན་གྱི་སྲོལ་གསར་དུ་བཏོད་ཅིང་།  ཁོས་དམངས་ཞེས་པ་ནི་ཞིང་གྲོང་གི་མི་དམངས་གཙོས་རྒྱལ་འབངས་ཐམས་ཅད་ལ་གོ་བའི་ལྟ་བ་བཏོན་པ་ལྟ་བུ་རེད།   ཡིན་ནའང་སྤྱིར་རིག་གནས་ཀྱི་གཞུང་ལུགས་དང་བསྟན་བཅོས་ཐམས་ཅད་དམངས་ཁྲོད་རིག་གནས་ཀྱི་རྨང་གཞིའི་སྟེང་འཕེལ་རྒྱས་སུ་ཕྱིན་པ་དང་།   དེའི་གསར་བཏོད་པའང་མི་དམངས་ཀྱི་ཁྲོད་ནས་བྱུང་བ་ཡིན།       

 དེ་ལྟ་ནའང་འདིར་ཡུལ་ཆོས་རིག་གནས་ཟེར་བ་དང་སྤྱིར་བཏང་བོད་ཀྱིས་རིག་པའི་གནས་ཟེར་བ་གཉིས་ལ་ཁྱད་པར་ཅུང་ཟད་ཡོད་དེ།  ཡུལ་སྲོལ་རིག་གནས་ནི་མང་ཚོགས་ཕལ་བའི་ཁྲོད་བྱུང་ཞིང་གཞུང་ལུགས་ཀྱི་རྣམ་པ་ཆེར་མེད་པའི་སྟབས་བདེའི་ཐོན་དངོས་དང་ལུགས་སྲོལ་ཆོ་ག་སོགས་ལ་ཟེར་བ་དང་།  རིག་པའི་གནས་ཟེར་བ་ནི་ཆེད་མཁས་པས་གཞུང་ལུགས་ཀྱི་རྣམ་པར་བཟོས་པའི་ཆ་ཚང་ལ་གཞི་རྒྱ་ཆེ་བའི་རིག་གཞུང་ཁག་ལ་ཟེར་ཏེ།   དཔེར་ན།  རིག་གནས་ཆེ་བ་ལྔ་ལྟ་བུའོ།།

     

ཕྱི་རྒྱལ་དང་རྒྱ་ནག་ལ་མཚོན་ན་རིག་ཚན་སྣ་མང་དུ་དགར་བའི་སྲོལ་དར་ཁྱབ་བྱུང་བ་དང་།  ལྷག་པར་དུ་དཔལ་འབྱོར་འཚོལ་སྒྲུབ་ལ་ཐད་ཀར་ཕན་པའི་དམངས་ཁྲོད་ཀྱི་ལག་ཤེས་རིག་གནས་དེ་དག་དངོས་སུ་ལག་ལེན་དང་བཀོལ་སྤྱོད་བྱས་ནས་རང་གི་དགོས་མཁོ་སྣ་ཚོགས་བསྒྲུབས་པ་དང་།  དེ་ནི་ཧ་ཅང་རྩ་ཆེ་བའི་རིག་གནས་ཤིག་ཏུ་ངོས་བཟུང་སྟེ་མཐོང་ཆེན་དང་དར་ཁྱབ་ཏུ་གཏོང་བར་བྱེད།    དཔེར་ན།   ལག་ཤེས་ཙག་ཙིག་དང་།   ཟ་མ་བཟོ་བ།   ཇ་བསྐོལ་འཐུང་བྱེད་པ་ཚུན་ཚད་རིག་གནས་དང་སྒྱུ་རྩལ་ཞིག་ཏུ་ངོས་འཛིན་བྱེད།   རང་རེ་བོད་ལ་མཚོན་ན་ཡུལ་སྲོལ་རིག་གནས་སོགས་ཀྱང་རིག་གནས་བཅུའི་ནང་དུ་དབྱེ་བསྡུ་བྱས་ཡོད་དེ།   དཔེར་ན།  ལག་ཤེས་སྒྱུ་རྩལ་ནི་བཟོ་བ་རིག་པའི་ནང་དུ་བསྡུས་པ་དང་།   གླུ་གར་སོགས་ཟློས་གར་རིག་པའི་ནང་དུ་བསྡུས་པ་དང་།   ཆོས་ལུགས་དང་འབྲེལ་བའི་ཡུལ་སྲོལ་དེ་དག་ནང་དོན་རིག་པའི་ཁོངས་སུ་བསྡུས་ཡོད་པས།   དེང་སྐབས་ཀྱི་མི་མང་བོ་ཞིག་གིས་རིག་གནས་བཅུ་བོ་རིག་གནས་ཡིན་པ་ལས་ཡུལ་སྲོལ་སྐོར་གྱི་རིག་གནས་དེ་དག་རིག་གནས་ཤིག་ཡིན་པ་དང་།  དེ་དག་རིག་གནས་བཅུའི་ནང་དུ་འདུ་བའང་ཤེས་ཀྱིན་མེད་པས།   བོད་ཀྱི་རིག་གནས་ལ་སྤྱི་དང་བྱེ་བྲག་གི་དབྱེ་བ་དུ་མ་ཡོད་པ་ཤེས་དགོས་པ་དང་།  བོད་ཀྱི་རིག་གནས་བཅུ་ནི་རིག་གནས་ཆིག་རྐྱང་བ་བཅུ་ཁོ་ན་ཙམ་ལ་ཟེར་བ་མ་ཡིན་པར།   དེ་ནི་རིག་གནས་སྤྱིའི་དབྱེ་བ་ཙམ་དང་དེ་དག་རེ་རེ་བཞིན་ཞིབ་ཏུ་དབྱེ་ན་གྲངས་ཀྱིས་མི་ཟིན་པའི་ཚོད་ལྟ་བུར་དབྱེ་ཆོག་པའང་ཤེས་དགོས་ལ།    ཤེས་ནས་ཀྱང་སློབ་སྦྱོང་དང་ལག་ལེན་བྱས་ནས་དར་སྤེལ་དུ་བཏང་སྟེ་རང་གི་འཚོ་གནས་ལ་ཕན་པ་ཞིག་ཏུ་བེད་སྤྱོད་བྱ་རྒྱུ་ནི་རིག་གནས་དེ་དག་ཡུན་རིང་གནས་པའི་ཐབས་ལམ་ཉག་གཅིག་ཡིན་པ་ཧ་གོ་དགོས། 

   དེ་ལྟར་བོད་ནི་ཡུལ་སྲོལ་རིག་གནས་ཀྱི་གཏེར་མཛོད་ཆེན་པོ་ཞིག་སྟེ།   མིའི་འཚོ་བའི་མགོ་མཇུག་བར་གསུམ་དང་།   ལས་དང་བྱ་བ་གང་ཐད་ནས་དགོས་མཁོ་ཆེ་ཞིང་ཡོད་དགོས་པ་ཐམས་ཅད་ཕལ་ཆེར་མ་ཚང་བ་མེད་པར་འཛོམས་ཡོད་པ་ལྟ་བུར་སྣང་བས།   བོད་ཀྱི་ཡུལ་སྲོལ་རིག་གནས་ཐམས་ཅད་ཀྱི་གྲངས་ཚད་གཞལ་དགོས་ན་ཚད་མེད་པས་འདི་ཙམ་ཡོད་ཅེས་བརྗོད་དཀའ་ཡང་ཕྱོགས་བསྡུས་བྱས་ནས་བཤད་ན་རིགས་སམ་སྐོར་ཆེན་པོ་གསུམ་དུ་འདུ་སྟེ།  མི་ཆོས་ཆོ་གའི་སྐོར་དང་།   མི་ཚེའི་འཚོ་ཐབས་སྐོར།   བསམ་བློའི་ལོངས་སྤྱོད་ཀྱི་སྐོར་བཅས་སུ་འདུ་བར་སྙམ་ལ།   དེའང་རེ་རེ་བཞིན་དབྱེ་ན་མང་དུ་ཡོད་མོད།   ཚབ་མཚོན་ཙམ་དུ་ཅུང་ཟད་དབྱེ་ན།  

  གཅིག   མི་ཆོས་ཆོ་གའི་ཐད་ནས།བུ་བཙའི་སྐོར་གྱི་ཡུལ་སྲོལ་རིག་གནས།གཉེན་སྒྲིག་སྐོར་གྱི་ཡུལ་སྲོལ་རིག་གནས།དུར་འཇུག་སྐོར་གྱི་ཡུལ་སྲོལ་རིག་གནས།དུས་སྟོན་སྐོར་གྱི་ཡུལ་སྲོལ་རིག་གནས།འགྲོ་འདུག་སྤྱོད་གསུམ་སྐོར་གྱི་ཡུལ་སྲོལ་རིག་གནས་སོགས་དང་།   

 གཉིས།  མི་ཚེའི་འཚོ་ཐབས་ཀྱི་ཐད་ནས།ཞིང་ལས་སྐོར་གྱི་ཡུལ་སྲོལ་རིག་གནས་དང་།འབྲོག་ལས་སྐོར་གྱི་ཡུལ་སྲོལ་རིག་གནས།ལག་རྩལ་བཟོ་ལས་སྐོར་གྱི་ཡུལ་སྲོལ་རིག་གནས།ཁེ་ཚོང་སྐོར་གྱི་ཡུལ་སྲོལ་རིག་གནས།བཟའ་བཏུང་སྐོར་གྱི་ཡུལ་སྲོལ་རིག་གནས།རྒྱན་གོས་སྐོར་གྱི་ཡུལ་སྲོལ་རིག་གནས།ནད་གསོ་སྨན་བཅོས་སྐོར་གྱི་ཡུལ་སྲོལ་རིག་གནས།མོ་འདེབས་རྩིས་རྒྱག་སྐོར་གྱི་ཡུལ་སྲོལ་རིག་གནས།ས་དཔྱད་གནམ་བརྟག་སྐོར་གྱི་ཡུལ་སྲོལ་རིག་གནས་སོགས། 

   གསུམ།   བསམ་བློའི་ལོངས་སྤྱོད་ཀྱི་ཐད་ནས། ཆོས་ལུགས་དད་མོས་སྐོར་གྱི་ཡུལ་སྲོལ་རིག་གནས།རྟགས་དང་རྟེན་འབྲེལ་སྐོར་གྱི་ཡུལ་སྲོལ་རིག་གནས། རྩེད་འཇོ་སྤྲོ་བསངས་སྐོར་གྱི་ཡུལ་སྲོལ་རིག་གནས། མཚར་གཏམ་ཤགས་རྒྱག་སྐོར་གྱི་ཡུལ་སྲོལ་རིག་གནས་སོགས་ཡོད་དོ།།  

  དེས་ན་དེང་སྐབས་ང་ཚོའི་ཕྲག་ཏུ་བབ་པའི་འོས་འགན་ནི།   འདི་ལྟ་བུའི་ཡུལ་སྲོལ་རིག་གནས་མང་དུ་ཡོད་པ་རྣམས་ཀྱི་རྒྱུན་ཆད་ལ་ཉེ་བའི་གནས་སྟངས་ལ་གཞིགས་ཏེ།   ད་ལྟ་རྒན་རབས་པ་ཉུང་ཙམ་ལྷག་ཡོད་སར་བཅར་ནས་དེ་དག་གི་མགོ་མཇུག་བར་གསུམ་གྱི་བརྒྱུད་རིམ་ཆ་ཚང་དང་།   དེ་དག་གི་གྲུབ་ཆ་དང་ཁྱད་ཆོས།  ཕན་ནུས་དང་དང་བེད་སྤྱོད་བྱེད་སྟངས་སོགས་མ་ཆད་མ་ལུས་པར་སྒྲ་བརྙན་ཡིག་གསུམ་དུ་ཕབ་སྟེ་ཉར་ཚགས་བྱས་ནས་《ཨ་མྱེས་གླང་ཆེན་》གྱི་སྟེང་དུ་མུ་འགོད་བྱ་ཐུབ་ན།   ང་ཚོས་ཡབ་མེས་ཀྱི་དྲིན་ལན་མཇལ་བ་ཡིན་ལ།   ཕྱི་རབས་པར་རིན་ཐང་གཞལ་དུ་མེད་པའི་འཚོ་རྟེན་གྱི་ནོར་བུའི་གཏེར་མཛོད་ཅིག་རྩིས་སྤྲོད་བྱས་པ་ཡིན་པས་བྱས་རྗེས་ཆེ།   གལ་སྲིད་ད་ནས་མི་རབས་གཅིག་བརྗེས་ཏེ་རྒན་པ་དག་ཚར་སོང་ན།   དེ་དོན་ཤེས་མཁན་གྱི་མི་སྣ་ཞིག་རྙེད་དཀའ།   དེ་བས་ང་ཚོས་ཆ་རྐྱེན་འཛོམས་དུས་འདིར་རང་གིས་བསྒྲུབ་འོས་པ་འདི་དག་མ་བསྒྲུབས་ཚེ་ནམ་ཞིག་ཕྱི་རབས་པས་ང་ཚོར་ལས་བདའ་བྱ་ངེས་ཡིན།  དེ་བཞིན་ངས་ད་བར་འཚོལ་སྡུད་བྱས་ཏེ་འབྲི་བཞིན་པ་ནི་རང་སྡེའི་དམངས་ཁྲོད་ཀྱི་མེས་པོ་དཔའ་རྒོད་རྣམས་ཀྱི་ངག་བརྒྱུད་ལོ་རྒྱུས་ཡིན་མོད།  ང་གཅིག་བུས་བྲིས་པ་ཙམ་གྱིས་མི་ཚར་བས་ཚང་མས་རང་རང་ས་ནས་གང་ཤེས་ཡིག་ཐོག་ཏུ་བཀོད་ན་བཟང་སྟེ།   དེ་དོན་འདིར་བཞུགས་སྨྱུག་ཐོགས་པ་ཡོངས་ལ་གལ་བོ་ཆེ་ལ་ནན་ཏན་གྱི་ཚུལ་དུ་ཞུས་པ་ཡིན།   བཀའ་དྲིན་ཆེ།   མཐར་ཚང་མར་བཀྲ་ཤིས་བདེ་ལེགས་ཡོང་བར་སྨོན།    

[ཟུར་མཆན།  གོང་གསལ་བརྗོད་གཞི་དག་ནི་མདོ་སྨད་བན་ཤུལ་སྡེ་བའི་ལོ་དེབ་《ཨ་མྱེས་གླང་ཆེན་》གྱི་སྐབས་དང་བོའི་རྩོམ་རིག་བྱ་དགའ་སྟེར་བའི་མཛད་སྒོའི་སྟེང་སྤེལ་བའི་གཏམ་བཤད་ཀྱི་མ་ཟིན་གཞིར་བཞག་གི་སྟེང་དུ་ཁ་སྣོན་ཅུང་ཟད་བརྒྱབ་སྟེ་བྲིས་པ་ཡིན་ལ།  དམིགས་བསལ་གསལ་འདེབས་བྱ་དགོས་པ་ཞིག་ལ་གཏམ་བཤད་མ་ཟིན་འདིའི་ནང་གི་དོན་ཚན་སྐོར་ཞིག་མཛད་སྒོའི་ཉིན་དེར་དུས་ཚོད་ཀྱི་དབང་གིས་དངོས་སུ་བཤད་ཐུབ་མེད་པ་དགོངས་འཇགས་འཚལ་ཞེས་ཞུའོ།།]   

 

Amdo Education Modern Creative Literature Golok

Contents

About

Collection Modern Writing from Qinghai Province
Visibility Public - accessible to all site users (default)
Author བླ་ནག་པ་སྐལ་ལྡན་རྒྱ་མཚོ།
Year published 2019
Original year published 2019
Language Tibetan
Subjects
Places
Creative Commons Licence