མདོ་སྨད་ཁྲི་ཀ་སྟག་རིག་སྡེ་བའི་ཆང་སྲོལ་སྐོར་གླེང་བ།

  མདོ་སྨད་ཁྲི་ཀ་སྟག་རིག་སྡེ་བའི་ཆང་སྲོལ་སྐོར་གླེང་བ།

                       ཟི་ལིང སྟག་རིག་རྟ་མགྲིན་རྒྱལ།

 

དང་པོ།          ཆང་སྲོལ་སྤྱིར་བཤད།

 

ཆང་དང་ཆང་སྲོལ་རིག་གནས་ནི་བོད་གངས་ཅན་དུ་དར་ཡུན་ཤིན་ཏུ་སྔ་ཞིང་། དེ་ལྟར་ཡིན་པའི་ཤེས་བྱེད་མངོན་གསལ་ཞིག་ནི།  ཆང་དང་ཆང་ཞེས་པའི་མིང་ཚིག་འདི་བཙན་པོའི་ཁྲིམས་ཡིག་དང་ནང་བའི་འདུལ་བསྟན་དང་།  གཞན་ཡང་བོན་པོའི་ཡིག་ཆ་དང་རྒྱ་ནག་གི་ཡིག་ཆ་སོགས་བོད་མིའི་གནའ་དུས་ཀྱི་ཡུལ་སྲོལ་ལོ་རྒྱུས་བརྗོད་པའི་གནས་སྐབས་ཀུན་ཏུ་འབྱུང་བ་ཞིག་རེད།  བོད་ཀྱི་ཡུལ་ཁམས་འགའ་ནས་ཆང་ལ་སྐབས་རེར་ཨ་རག་ཅེས་པའི་ཐ་སྙད་འབོད་སྲོལ་ཡོད་ན་ཡང་།  ཡིག་ཆ་རྙིང་ཤོས་རྣམས་ལས་མྱོས་འགྱུར་གྱི་བཏུང་བ་འདི་ལ་ཆང་ཞེས་གསལ་བར་སྦྱར་བ་ཆང་གི་ཐ་སྙད་འདི་བྱུང་བ་གཞན་དག་ལས་ཆེས་ཆེར་སྔ་བར་མཐོང་ཐུབ་ལ། དེས་བོད་མི་རིགས་ཀྱི་རྒྱུན་རྟག་གི་འཚོ་བ་ལ་ཤན་ཤུགས་མི་དམན་པ་ཐེབས་པའི་ཚུལ་ཡང་ཤེས་ནུས། དེ་བཞིན་ཨ་མདོའི་ས་ཆ་ན་ཡང་ཆང་ཞེས་པའི་གནའ་ཚིག་འདི་ས་ཁྱབ་རྡོ་ཁྱབ་ཏུ་གྱུར་ཡོད་པ་ཞིག་ཀྱང་རེད། བོད་དུ་ཆང་དར་བ་ནས་བཟུང་ཆང་གི་སྤྱོད་སྒོ་ཡང་ཇེ་ཆེར་སོང་ཡོད་པ་ནི་སྨྲ་མ་དགོས་པ་ལ།  དེའི་ཚུལ་ཆང་བཤད་ལས་རགས་རམ་ཙམ་བསྟན་པ་ཇི་སྐད་དུ། དེ་རིང་ཉི་ཤར་གྱི་རྩེ་མོ། རྟེན་འབྲེལ་གྱི་མགོ་མ།  ནས་འབྲུ་སྔོན་མོའི་ཉིང་ཁུ། བདག་གཞི་མགྲོན་གཉིས་ཀྱི་སྤྱི་མ། གླུ་ཀུ་རེ་གཉིས་ཀྱི་སྒོ་འབྱེད། ཆང་བདུད་རྩི་འདིར་བསྟོད་པ་ལན་གསུམ་རེ་བརྗོད་ན། གེ་སར་རྒྱལ་པོའི་གསོལ་ཆང་ཡིན། སྔགས་པ་རྣམས་ཀྱི་བུམ་ཆང་ཡིན། མཁས་པ་རྣམས་ཀྱི་གཏམ་ཆང་ཡིན། ཉེ་བོ་རྣམས་ཀྱི་སྟོན་ཆང་ཡིན། དཔའ་བོ་རྣམས་ཀྱི་དཔའ་ཆང་ཡིན། གཞོན་པ་རྣམས་ཀྱི་རྩེད་ཆང་ཡིན། མགྲོན་ཚུར་ཡོང་རྣམས་ཀྱི་བསུ་ཆང་ཡིན། མགྲོན་ཕར་འགྲོ་རྣམས་ཀྱི་རྫོངས་ཆང་ཡིན་ཞེས་འབྱུང་བ་བཞིན་ནོ།།  སྤྱིར་ཆང་གི་སྤྱོད་སྒོ་ལ་ཆེ་ས་ནས་ཕལ་ཆེར་རིགས་བཞི་ཙམ་དུ་འདུ་སྟེ།   ལྷ་གསོལ་དུ་སྤྱོད་པ།   དགའ་སྟོན་དུ་སྤྱོད་པ།    མགྲོན་འབོད་དུ་སྤྱོད་པ།    ནད་འགོག་ཏུ་སྤྱོད་པ་བཅས་ཡིན་པར་མཐོང་།       

 

བོད་རིགས་ནི་ཆང་འཐུང་བར་ཧ་ཅང་དགའ་བའི་ཚུལ་དེ་རྒྱའི་ལོ་རྒྱུས་ལས་ཀྱང་ཤིན་ཏུ་གསལ་བར་བསྟན་ཏེ། ཐང་ཡིག་གསར་རྙིང་ལས། ཆང་འཁྱོར་བར་བླུགས་ནས་འཐུང་ཞེས་དང་། ཡང་ཟས་ཟ་ཞོར་དུ་ཆང་ཡང་བཏུང་ཞེས་ཀྱང་འབྱུང་བའོ།།  གཞན་ཡང་གནའ་དུས་བཙན་པོའི་སྐབས། སྐྱེས་པ་རྣམས་དམག་ལ་འགྲོ་དུས། ཆང་བླུད་ནས་ངར་བསྐྱེད་དེ་གཡུལ་ལ་རྫོངས་སྲོལ་མཆིས་ཤིང་། དེ་ལ་དཔའ་ཆང་གསོལ་བ་ཟེར་ལ། རབ་ན་འབྲོང་རྭའི་ནང་ནས་གསོལ་དགོས་པར་བཤད་དེ། གནའ་དུས་སྟག་བསད་པ་ལས་འབྲོང་བསད་པ་དཔའ་བོར་བརྩི་བས།  འབྲོང་གསོད་ཀྱི་དཔའ་བོ་ལྟ་བུར་འགྱུར་ཆེད་ཆང་འབྲོང་རྭ་ནས་གསོལ་སྲོལ་བྱུང་ཞིང་།  བྲག་བརྐོས་ཀྱི་རི་མོ་རྙིང་བར་དཔའ་བོ་རྣམས་ཀྱིས་འབྲོང་རྔ་བཏེགས་པའི་གནས་ཚུལ་མཐོང་བ་ནི་དེ་འདྲའི་དོན་མཚོན་པར་ཡང་བཤད་དོ།། ཡང་བོད་འདི་ཆང་བག་མེད་ཀྱིས་འཐུང་བ་ལ་ནི་ཤིན་ཏུ་འཛེམས་ཤིང་། དེའི་སྐོར་ནས་ཁྲིམས་སྲོལ་གཏན་ལ་ཕབ་པ་ཞིག་ཀྱང་ཡིན་ཏེ། སྲོང་བཙན་སྐབས་སུ་བཅོས་པར་གྲགས་པའི་ཁོས་སོ་དྲུག་གི་ནང་ཚན་ཁྲིམས་ཆེན་བདུན་དུ།  ཆང་ལ་ཚོད་ཤེས་པར་བྱའོ་ཞེས་དང་།  ཏུན་ཧོང་གི་ཡིག་ཆ་རྙིང་བ་ཕུ་བོས་ནུ་བོར་བཏམས་ཤིང་བསྟན་པའི་མདོར།  ར་བཟི་ན་རྟ་མ་རྒྱུག་ཅེས་འབྱུང་བ་སོགས་ཀྱིས་ཆང་ནི་བོད་མིའི་འཚོ་བའི་ནང་གི་གྲུབ་ཆ་གལ་ཆེན་ཡིན་པ་བསྟན་ལ།  ཆང་འཐུང་ཡང་ཚོད་ཟིན་པར་བྱེད་པའི་ལུགས་སྲོལ་ནི་ཆང་སྤྱོད་ཀྱི་རྩ་བའི་དགོངས་དོན་དུ་བཟུང་ཡོད་པ་ཡང་མཐོང་ངོ་། བཙན་པོའི་སྐབས་ཀྱི་ཆང་དང་འབྲེལ་བའི་བཀས་བཅད་ཀྱི་ཁྲིམས་སྲོལ་འགའ་ཞིག་གི་ཤུལ་རྒྱུན་དེ། ངའི་ཕ་ཡུལ་དུ་དེང་སང་ད་དུང་ཉམས་དམས་སུ་སོང་མེད་པའི་གནས་ཚུལ་མཐོང་བས།  འདིར་ཕ་ཡུལ་སྟག་རིག་གི་ཆང་སྲོལ་རིག་གནས་སྐོར་གླེང་འདོད་པའི་འདུན་པ་ཞིག་འགོག་མེད་དུ་བྱུང་བར་གྱུར།

 

གཉིས་པ།        སྟག་རིག་གི་ཆང་བཙག་ལོ་རྒྱུས།

 

         བོད་ཀྱི་ཡུལ་ཁམས་གཞན་དག་དང་འདྲ་བར། སྡེ་འདི་ལའང་གནའ་དང་མ་ནས་བཟུང་ཆང་བཙག་པའི་སྲོལ་རྒྱུན་དར་ཡོད་ལ། བདག་གིས་ཤེས་དུས་སུ་ད་དུང་ཁྱིམ་ཚང་ཕལ་མོ་ཆེས་རང་ཆང་རང་གིས་བཙག་པའི་ཐོན་སྐྱེད་བྱེད་སྟངས་སུ་གནས་ཡོད་དེ། ལོ་སར་དང་དགའ་སྟོན་གྱི་མགོ་རྔ་གང་ལ་ཡང་རང་གི་ཡུལ་ཐོན་གྱི་ནས་ཆང་འདྲ་བཏུང་བྱ་ལ་མེད་མི་སྲིད་དུ་འཇོག་པ་ཡིན། ཆང་ནི་དེ་ལྟར་རྒྱུགས་ཆེ་སྟབས། སྐྱེས་པ་མང་པོའི་ནང་ཆང་བཙག་མི་ཤེས་མཁན་ནི་ཕལ་ཆེར་མེད་ལ། གལ་ཏེ་རང་ཁྱིམ་དུ་ཆང་བཙག་ཤེས་མཁན་མེད་པ་དང་། ཡང་ན་སྐབས་རེར་ལོང་མེད་པར་བཙག་ཁོམ་མ་བྱུང་བས། རང་དང་འབྲེལ་བ་བཟང་བའི་ཁྱིམ་ཚང་ལ་སྔ་མོ་ནས་ཆང་གི་མང་ཉུང་དུ་མཁོའི་སྐོར་ཆད་དུ་བཏབ་ནས། དེར་དགོས་པའི་ནས་འབབ་བྱིན་ཏེ་ཁྱིམ་གཞན་པ་ལ་བཙག་ཏུ་འཇུག་སྲོལ་ཡོད་ལ། ཡུལ་འདིའི་བཙག་བྱའི་ཆང་ནི་ནས་ཆང་ཡིན་ཞིང་། ཁྱིམ་ཚང་མང་པོ་ལ་ནས་ཆང་བཙག་པའི་ཡོ་བྱད་ཁ་ཚང་དུ་ཡོད་དེ། ཆང་རྫ་དང་བཙག་རྫ། བོད་ཕབ་དང་རྒྱ་ཕབ། ར་ཤུལ་ལ་སོགས་གང་ལ་གང་མཁོ་དེ་ལ་དེ་འཛོམས་པ་དང་། བཙག་པའི་དུས་ནི་ཕལ་ཆེར་དགུན་གྱི་ཟླ་བའི་ནང་བྱེད་ཅིང་། ཆང་གི་སྣོད་དུ་ས་རྫ་བྱེད་ལ། བཙག་རྗེས་ཀྱི་ཆང་རྫ་སྣོད་དུ་ལྡུག་པ་དང་། སྣོད་ཀྱི་ཁ་དེ་གྲོད་སྐོགས་ཀྱིས་བཏུམས་ནས་དམ་པོར་གཅུད་དེ་འཇོག  དེ་ཡང་ཆང་སྣོད་དུ་འཇོག་ཡུན་ཇི་ལྟར་རིང་བ་དེ་ལྟར་དུ་བཟང་བར་བརྩི་སྟེ། ཞོགས་པར་བཙག་པའི་ཡུན་ལ་ཐོ་རངས་གསར་ཆང་།  དུས་ཐུང་ཉིན་ཞག་གི་ཡུན་ལ་ཉིན་ཆང་དྲོན་མོ། དེ་བཞིན་ཟླ་ཡུན་དུ་བསྙལ་བ་ལ་ཟླ་ཆང་སིལ་མ། ལོ་ཡུན་དུ་བསྙལ་བ་ལ་ལོ་ཆང་ཁམས་པ་ཟེར་སྲོལ་ཡོད།  དེ་དུས་སུ་རང་གིས་བཙག་པའི་ནས་ཆང་དེ་ཧ་ཅང་འདང་ཅན་ཞིག་ཏུ་འཇོག་ཅིང་། ཆང་བཙག་པའི་ལེགས་དམན་ཡང་། རྒད་པོ་རྣམས་ཀྱིས་ཆང་མཛུབ་མོའི་མགོར་བླངས་ཏེ་མེ་ལ་ཨེ་འབར་བལྟས་ནས་བཟང་ངན་བརྟག་པར་བྱེད་ཅིང་། དེ་ཡང་མེ་སྔོན་པོ་འབར་བ་ཆང་རབ་ཏུ་བརྩི་བ་དང་། མེ་དམར་པོ་འབར་བ་ཆང་འབྲིང་དང་། མེ་མི་འབར་བ་ཆང་ངན་པར་བརྩི་ལ།  ཆང་ངན་པའི་རིགས་ལ་འདོགས་རེས་ཀུ་རེས་རྩེ་སྟེ་ཧབ་ཆ་བྱེད་པའི་སྐབས་ཀྱང་ཡོད་མོད། བཙག་མཁན་ཡང་དེ་དག་ལ་འཁོན་དུ་མི་འཛིན་པར་ཞན་ཆ་ལེགས་བཅོས་ཀྱི་ཕྱོགས་ལ་འབད་པར་བྱེད་པ་ཡིན།  འཐུང་བའི་ཚེ་ཡང་ནས་ཆང་འཁྱག་འཐུང་མི་བྱེད་པར། ཁང་བ་དྲོན་པོའི་ནང་གི་ཧུ་ཙེ་ཞེས་བྱ་བའི་ཉལ་ས་ཚ་ཐབ་གྲུ་བཞི་ཁོད་ཡངས་ལ། འོག་ནས་མེ་ཤེད་ཀྱིས་དྲོད་སྟེར་བ། སྟེང་ན་ཅོག་ཙེ་གྲུ་བཞིའི་དབུས་སུ་མེ་ཟངས་ཡོད་པ་ལ། རང་གིས་བསྲེགས་པའི་སོ་ནག་བསྒོངས་ཏེ་མགྲོན་པོ་དང་བཟང་ས་རྣམས་ཀྱིས་དེའི་ཁ་མཐའ་བསྐོར་ནས་ཆང་འཁྱག་སྲོ་བཞིན་དུ་འཐུང་བར་བྱེད་དོ།།  ལྷག་པར་དུ་དགུན་ཁ་ས་ཞིང་ལ་ལུད་བསྐྱལ་དུས། ལུད་ཆང་ཟེར་བ་ཞིག་འཐུང་སྲོལ་ཡོད་དེ། དེ་ནི་ཁྱིམ་ཚང་གིས་ལོ་སྔ་མའི་ལུད་བསྐྱལ་ཚར་བ་ན། ཤུལ་དུ་ས་དོང་ཅུང་ཟད་རྐོ་ཞིང་ནང་དུ་རྫ་སྣོད་དུ་ཆང་བླུགས་པ་བཞག  ཁ་དམ་པར་གཅུད། སྟེང་དུ་ལུད་གསར་པ་སྤུང་གསོག་བྱས་ཏེ་དེའུ་འབུར་ལྟ་བུའི་ཚད་དུ་ལོངས་པར་བྱེད། ལོ་གཅིག་གི་ཡུན་ལ་དེ་ལྟར་ལུད་དྲོད་ཀྱིས་ངར་བཅུག་པའི་ཆང་དེ་ལ་ལུད་ཆང་ཟེར་ཞིང་། ཆང་དེ་ནི་ལུད་དྲོད་ཀྱིས་ཚ་ངར་ཡུན་རིང་དུ་བྱས་པའི་སྟབས་ཀྱིས་ཕྱི་ལོའི་དུས་སུ་ལེན་སྐབས། མང་ཆེ་བར་ནང་གི་ཆང་འཐག་ནས་སྐེད་ལ་བབས་ཡོད་ལ། ཆང་ངར་ཤིན་ཏུ་ཆེ་བ་དང་བཙན་པོར་ལྟ་བས་ལོ་ལ་བསྙལ་བའི་ལོ་ཆང་ཁམ་པའི་ནང་གི་ལེགས་ཤོས་སུ་བརྩི་གཤིས། ལུད་སྐྱེལ་མཁན་རྣམས་ཀྱིས་ཁྱིམ་ལུད་དེའུ་འབུར་འདྲ་བ་དེ་བསྐྱལ་ནས་ཞབས་ལ་གཏུགས་སྐབས། ད་ལུད་ཆང་རྙེད་ནི་རྙེད་ནི་རེད་ཅེས་ཕན་ཚུན་ལ་རྩེད་མཚར་བྱེད་བཞིན་སྤྲོ་བ་ཆེན་པོས་ལས་ཀར་བརྩོན་ཞིང་། མཐར་ལུད་ཆང་དེ་ལུད་འོག་ནས་ལོན་པ་ན།  དགོང་མོ་དེར་དེ་ཚང་ལ་ཚང་མ་མཉམ་དུ་འཛོམས་ནས་ནུབ་ཚ་འཐུང་ཞིང་ལུད་ཆང་མཆོད་དེ་རྩེད་དགའ་ལ་རོལ་བར་བྱེད་དོ།།   དེ་དུས་ཆང་བཙག་རྒྱུ་དེ་སྡེ་འདིའི་ཁོངས་ཞབས་ཀྱི་སྐྱེས་པ་ཞིག་ཡིན་ཕྱིན་ངེས་པར་ཤེས་དགོས་པའི་ལས་ཀ་གལ་ཆེན་ཞིག་ཏུ་གྱུར་ཡོད་སྟབས། ལོ་གཅིག་གི་ནང་ཆང་གི་ལས་གླེང་ཁོ་ནའི་ནང་ལ་མགོ་འཁོར་ནས་ཉི་མ་གཏོང་བའི་སྐྱེས་པ་ཡང་ཉུང་ཉུང་མིན་ནོ།། དེ་བཞིན་སྡེ་འདི་ལ་ཆང་བཙག་པའི་ལས་ལ་མཁས་ཤིང་། ཉམས་མྱོང་ཐོན་པའི་འཇིག་རྟེན་རྒད་པོ་ཆང་མཁན་ཡང་མི་ཉུང་བ་ཞིག་བྱོན་ཉུང་བ་དང་། དེའི་ནང་ནག་ཚང་སྐ་བྷེ་ཞེས་པ་ལ་ཀུན་ལས་འཕྲིན་ལས་ཆེན་པོ་རྒྱས་ཏེ། བར་སྐབས་ཤིག་ཏུ་ཁྲི་ཀ་ཤར་ལུང་ཤང་གིས་བཙུགས་པའི་ཆང་བཙག་བཟོ་གྲྭའི་མཛུབ་སྟོན་སློབ་དཔོན་དུ་གདན་དྲངས་ཤིང་། ལོ་འགའ་ལ་བཟོ་གྲྭ་དེའི་ཆང་བཙག་གི་ཁེ་ལས་ལ་ཐུགས་བཀོད་འཐེན་པའི་མཛད་པ་བསྐྱངས།  ད་ལྟའི་དུས་སུ་ཡང་བར་ཤེད་པ་དང་ན་གཞོན་འགའ་རེས་མུ་མཐུད་དུ་ཕ་མེས་ནས་བརྒྱུད་པའི་སྲོལ་རྒྱུན་གྱི་ཆང་བཙག་གི་ཕྱག་ལས་བར་མ་ཆད་པར་སྐྱོང་མུས་སུ་ཡོད་ལ། དེ་དག་ལས་བར་ཤེད་པ་རིག་འཛིན་ཚེ་རིང་ཕ་བུ་གཉིས་ཀྱིས།  སྒོ་བྱང་དུ་ཡབ་མེས་ནས་ཆངཞེས་པའི་ཆང་བཙག་བཟོ་གྲྭ་གསར་དུ་བཙུགས་ཏེ། ཚད་མང་ཐོན་སྐྱེད་བྱས་པའི་སྒོ་ནས་དེ་སྔའི་འཐུང་ཆང་ཙམ་གྱི་རྒྱ་ཁྱོན་ལས་བརྒལ་ཏེ་གྲངས་མང་ཚོང་ཆང་གི་ཐོན་སྐྱེད་ཕྱོགས་སུ་གོམ་པ་སྤོས་པས།  བཙག་འབྲས་སུ་སྨིན་པའི་ཆང་ལ་སླད་མ་འདྲེས་ཞིང་སྤུས་དག་པ། ཆུ་ཁུངས་གཙང་ཞིང་ནས་རྒྱུ་ལེགས་པ། ལག་རྩལ་རྙིང་ལ་ནས་ཆང་གི་རང་བཞིན་མ་འགྱུར་བ། དྲི་བཟང་ཞིང་འཐུང་ན་ཞིམ་པ་བཅས་ཀྱི་ཡོན་ཏན་ཕུན་སུམ་ཚོགས་པའི་དཔལ་གྱིས།  ཉེ་འཁོར་གྱི་སྤྱི་ཚོགས་ཐོག་ཆང་གི་ཐོན་རྫས་དེ་དག་ལ་ཉོ་རྩོད་བྱེད་བཞིན་འཕེལ་བའི་སྒང་དུ་གནས་སོ།།

 

གསུམ་པ།    སྟག་རིག་གི་ཆང་སྲོལ་གྱི་སྐོར།

 

          སྡེ་འདིའི་ཕ་ཁུ་ཕུ་ནུ་རྣམས་ཆང་འཐུང་བར་དགའ་ལ་འཐུང་སྲོལ་ཡང་ཡག་པོ་ཞིག་མཆིས་ཏེ། ཆང་ལ་ཚོད་ཤེས་པར་བྱས་ཏེ་ཁྲོམ་ཐོག་ནས་ཆང་སྐྱོན་མི་ཕུད་པ་དང་མི་མང་ས་ནས་བླ་སྒུལ་བར་མི་བྱེད་པ་ནི་སྡེ་འདིའི་ཆང་འཐུང་བའི་ལུགས་སྲོལ་ཞིག་ཏུ་ཆགས་ཡོད།   དེ་ནི་མི་རིགས་གཞན་གྱིས་ཕ་རོལ་པོ་ཆང་གིས་རྫོགས་ཐབས་ལ་འབད་པར་བྱེད་པ་དང་གཏན་ནས་མི་འདྲ་བ་ཞིག་རེད། ལུགས་སྲོལ་དེ་རིགས་ནི་ལྷག་པར་དུ་ལོ་སར་སྐབས་གཞུང་ནས་ཆང་ཁ་འཛིན་དུས་སུ་མངོན་གསལ་དོད་པོ་ཆེས་ཆེར་བྱུང་ཡོད།  ཆང་ཁ་དེ་ནི་ལོ་སར་ཚེས་དྲུག་ནས་བཟུང་སྡེ་བས་རྩ་འཛུགས་བྱས་ཏེ། མཚན་མོའི་དུས་སྐྱེས་ཕོ་མོ་རྒན་གཞོན་ཚང་མ་སྤྱི་ཁང་ཞེས་བྱ་བའི་གཞུང་ཁང་ཆེན་པོའི་ནང་གནས་གཅིག་ལ་བསྡུས་ཏེ་གླུ་ལེན་ཞིང་དགའ་སྐྱིད་ལ་རོལ་བའི་ཁྲོམ་ཚོགས་ཤིག་ཡིན།  ཁྲོམ་ཚོགས་དེའི་སྟེང་སྐྱེས་པ་རྣམས་ཀྱིས་གྲལ་བཅོས་ནས་ལྷོད་སེ་སྡོད་ཡོད་པའི་སྐབས་སུ།  སྡེ་བའི་མགོ་དཔོན་དང་ལོ་དེའི་ཆང་དཔོན་གཉིས་ཀྱིས་ཐོག་མར་སྡེ་བའི་འགྲིག་སྒྲོག་པར་བྱེད་དེ།  ཡ་ཉོན་ཅིག  དེ་རིང་སྟག་རིག་མ་མགོལ་མའི་ལོ་སར་ཆང་ཁ་ཡིན།  ཚང་མས་སྡེ་བའི་འགྲིག་ལམ་རྩིས་ལ་ཆང་ཡག་པོ་ཐུངས། ར་བཟི་བར་འཐུང་ནས་སྡེ་བའི་ཆང་ཁ་བརྫད་མི་ཆོག  ཁྱིམ་ཚང་གི་མིས་རང་རང་གི་ཆང་འཐུང་ལ་བདག་པོ་རྒྱོབས། གལ་ཏེ་ཁ་མི་ཉན་པར་ཆང་སྐྱོན་ཕུད་མཁན་ཡོད་ན། སྡེ་བའི་འགྲིག་ཁྲིམས་ལྟར་ཐག་གིས་གཅད་ངེས་ཞེས་བརྗོད་པ་དང་། དེར་ཡོད་ཁྲོམ་པ་གྲལ་གང་བོས་ལེགས་སོ་ཞེས་ཡ་ལེན་སྟེར་བར་བྱེད་དོ།། དེ་ཡང་སྡེ་འདིའི་ལུགས་ལ་རང་གི་རྒན་པའི་རིགས་ལ་ཕ་ཁུ་དང་། གཞོན་པ་ཕན་ཚུན་ལ་ཕུ་ནུ་ཞེས་བོས་ཏེ་ཆེ་བཀུར་ཆུང་བྱམས་དངོས་གནས་ཡོད་པ་ཡིན། གཞན་ཡང་ལོ་དེའི་ལོ་སར་ནང་དགའ་སྟོན་ཆེ་ཆུང་ཡོད་པས་རང་ཁྱིམ་གྱི་སྟོན་ཆང་ལས་ལེགས་ཤོས་གང་བཟང་བདམས་ཏེ་ཁྲོམ་ཐོག་དེ་ནས་སྡེ་བ་ལ་ཆང་གི་སྟོན་སྐལ་སྟེར་སྲོལ་ཡོད་ལ། ཁྱིམ་ཚང་མི་སྒེར་ནས་ཀྱང་སྐྱིད་ཀྱི་ཁ་རེས་བསྐོར་དགོས་ཞེས་རང་གི་ལོ་སར་གྱི་ཆང་ནང་ནས་བཟང་ཤོས་འཁྱེར་ཏེ་ཁྲོམ་ཐོག་དེ་ནས་སྡེ་བའི་ཕ་ཁུ་ཕུ་ནུ་ལྷན་འཛོམས་ལ། འདི་ངེད་ཚང་གི་ལོ་སར་འཐུང་ཆང་ཡིན་ཞེས་བྱིན་ནས་ཆང་དཔོན་གྱི་ལག་ཏུ་བཞག་ན།  ལོ་དེའི་ཆང་དཔོན་གྱིས་ཁྲོམ་ཆེན་པོའི་དཀྱིལ་ནས་སྐད་གསེང་མཐོན་པོས།  ཡ། འདི་ན་ཨ་ཕ་དོན་འགྲུབ་ཕ་བུ་གཉིས་ལ་སྟག་རིག་ཕ་བརྒྱ་བུ་སྟོང་སྤྱི་འདུས་ལ་ལོ་སར་གྱི་ཆང་སྐལ་དུ་ཆང་རྒྱ་མ་གསུམ་བྱིན་འདུག ཚང་མ་ཡག་པོ་རྩེ་ལ་དགའ་དགའ་སྤྲོ་སྤྲོ་ཞིག་བྱེད་རོགས་ཟེར་འདུག་གསུངས་པ་དང་། དེར་བཞུགས་སྐྱེས་པ་གྲལ་གང་བོས་བཟང་གི་བཟང་གི་ཞེས་སྐད་ཕྱུང་ནས་ལན་སྟེར་བ་ཡིན། དེའི་ཕྱིར།  ཆང་འཐུང་སྐབས་ཚང་མས་ར་བཟི་བར་མི་འགྱུར་བ་ཞིག་འཐུང་རྒྱུ་རྩ་དོན་དུ་འཛིན། གལ་ཏེ་མི་ཆེ་གེ་མོ་ཆང་གིས་བཟི་སྟེ་ཕ་ཁུ་མང་པོ་འཛོམས་པའི་གྲལ་ནས་བཟི་གཏམ་བཤད་པ་དང་།  ཟག་འདྲི་བ།  ཆང་སྐྱོན་ཕུད་པ་སོགས་ཀྱི་བྱ་བྱེད་བྱུང་བ་མཐོང་ཚེ། ཐོབ་ཀྱི་གོ་ས་དང་ལོ་ཡི་རྒན་གཞོན་གང་ལ་ཡང་མི་ལྟ་བར་གྲལ་མགོའི་རྒན་པ་ཞིག་གིས།  ཡ། ད་མི་ལ་ལར་འུར་ཇེ་ཆེར་འགྲོ་བར་འདུག  བཟི་སོང་བ་འདྲ། ད་བསྐྱལ་རན་དུ་སླེབས་པ་མིན་ནམ་ཞེས་ཚིག་བརྡ་བསྟན་པ་ན།  གཞོན་པ་གསར་བུ་སྐོར་ཞིག་གིས་གྲལ་མཚམས་ནས་བཟི་མཁན་གྱི་མཆན་ཡས་མཆན་ཡས་ནས་ཡར་སྐྱོར་ཏེ་ཁོའི་ཁྱིམ་ལ་བཙན་གྱིས་ཁྲིད་འགྲོ་བ་དང་།  སྐབས་རེར་ཆང་འཐུང་སྐྱོན་ཅན་ཁྱིམ་དུ་བསྐྱལ་བཞག་ཀྱང་ཡག་པོར་མི་ཉལ་བར་བཟའ་ཚང་ལ་ཆང་སྐྱོན་ཕུད་གྲབས་དང་ཆང་ཁ་ལ་ཕྱིར་ཡོང་དོགས་ཆེ་བའི་རིགས་བྱུང་ན། སྐྱེལ་མཁན་དེ་ནས་མྱུར་དུ་ཕྱིར་མི་འཁོར་བར་ཁོ་རང་གི་ཉལ་སར་ནང་མར་མནན་ཏེ་བཙན་གྱིས་ཉལ་དུ་བཅུག་རྗེས་ད་གཟོད་ཕྱིར་འོང་བར་བྱེད། དེ་དུས་ཁོས་ཞུ་བ་བྱས་ཏེ་ཡག་པོར་འདུག་རྒྱུ་ཡིན་ཚུལ་གྱི་རྣམ་འགྱུར་ཅི་ཡང་སྟོན་པར་བྱེད་ན་ཡང་དེ་ལ་ཁ་ཡ་མི་བྱེད་པ་ཡིན། ཆང་ཁ་ནས་འཁྲིད་དུས་ཆང་འཐུང་ལ་ལ་ཆང་ལ་ཞེ་ཆགས་ཏེ་འགྲོ་འདོད་མེད་པ་མཐོང་ཚེ། ལོ་དེའི་ཆང་མས་ཁོ་ལ་བཏུང་རྒྱུའི་ཆང་སྐལ་སྣོད་དུ་བཅད་དེ་ལམ་ཆང་དུ་བྱིན་ན་རང་འཐད་ཀྱིས་འགྲོ་བ་དང་། ལ་ལས་བཙན་ཁྲིད་ལ་མ་འཐད་པར་ཁོག་སྨད་ཐུར་དུ་དཔྱངས། རྐང་པས་ས་ལ་བརྟན་པོར་བཙུགས་ཏེ། ཁོ་མི་འགྲོ་ཞེས་ས་ལ་གཏད་རྒྱག་པ་དང་། ཁོ་འཆུག་སོང་། བཟི་མེད། ད་ཆང་སྐྱོན་མི་ཕུད། ང་འདུག་ཏུ་ཆུགས་ཞེས་ཞུ་བ་ཡང་ཡང་བྱེད་ན་ཡང་། ངན་རེངས་སུན་བསྐུར་ཅན་ཡིན་ན་ཀུ་ཡངས་ཅུང་ཟད་ཙམ་ཡང་མེད་པར་གཞོན་གསར་ཚོས་བཙན་ཤེད་ཀྱིས་ཁྲིད་འགྲོ་བ་ཡིན། འགྲིག་ལམ་དེ་ལ་སྡེ་བ་ཧྲིལ་པོས་དེ་ལྟར་ཡིན་ཆོག་པའི་འཐད་མདོག་སྟོན་པར་མ་ཟད། དེ་ནི་སྡེ་བའི་འགྲིག་ལམ་རེད། ཚང་མས་བརྩི་དགོས་ཟེར་ནས་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱེད་པ་ལས། ཆང་ཁ་ནས་ཁོང་གི་མི་ལ་ཐུབ་ཚོད་བྱས་སོང་སྙམ་པའི་བསམ་ཚུལ་མི་བདག་སུ་ལའང་སྤུ་ཙམ་མེད།  ཆང་འཐུང་ནས་རང་གིས་རང་ལ་བདག་མི་ཐུབ་པ་ནི།  ཀུན་གྱིས་སྨོད་པའི་གཞི་དང་རྗེས་ཐོབ་དུའང་མི་ཁ་མང་པོ་འཁོར་བ་ཡིན་ཏེ།  དེ་ཆང་ཁ་ན་བཟི་འདུག་ཅེས་དང་། ཆང་ལབ་འདི་འདྲ་སྨྲ་འདུག་ཅེས་དང་། ཆང་སྐྱོན་ག་འདྲ་ཕུད་བྱུང་ཞེས་པ་ལ་སོགས་པའི་གླེང་སྣ་ཚོགས་ཤིག་རང་བཞིན་གྱིས་འབྱུང་བར་འགྱུར།   ཁྲོམ་ཐོག་ཏུ་ཆང་འཐུང་སྐབས་བཟང་ས་གྲོགས་པོའི་ནང་ནས་ཕན་ཚུན་ལ་ཁ་ལ་བྱས་ཏེ་ཆང་ཉུང་ཙམ་འཐུང་བར་བསྐུལ་བ་དང་།  མི་མང་ཚོགས་སར་བཟི་ཞིང་ཆང་སྐྱོན་ཕུད་པ་མཐོང་ཚེ།  ཤ་ཉེ་རྣམས་ཀྱིས་ཐ་ན་དེའི་ཕ་མ་སོགས་ཉེ་རིང་ལ་ཁྱེད་ཚང་གི་ཆེ་གེ་མོ་དེར་ཆང་སྐྱོན་ཡོད་རབས་དང་ཆང་གཅོད་དགོས་ཚུལ་གྱི་ཁ་འབུད་བྱེད་ལ།  ཤ་ཚ་བའི་མིས་ཐ་ན་ཞིང་གཉན་པོའི་མདུན་དུ་ཁྲིད་དེ་ཆང་གཅོད་དུ་འཇོག་པའི་སྐབས་ཀྱང་ཡོད།   ཆང་ཁའི་ཐོག་ཏུ་རང་གི་ཁྱིམ་མིས་རང་གི་ཕ་དང་སྤུན་ལ་སོགས་བཟི་ཡོད་མེད་ལ་མིག་གིས་འཚོས་འཚོས་སུ་འདུག་ལ། དེ་དག་ལ་བཟི་བའི་རྟགས་མཐོང་བ་དང་མྱུར་དུ་ཐབས་སྣ་ཚོགས་ཀྱིས་རང་ཁྱིམ་དུ་ཁྲིད་འགྲོ་བ་ལས་མི་ཚོགས་ཀྱི་ཁྲོད་དུ་བླ་སྒུལ་དུ་མི་འཇུག  དེ་ལྟར་ཆང་གིས་བཟི་བ་ནི་དྲན་རིག་དང་ལུས་ཕུང་ལ་གནོད་པའི་དོན་ཁོ་ན་ཙམ་ཞིག་མ་ཡིན་པར།  ངོ་ཚ་ཡོད་མེད་ཀྱི་མཐོ་ས་ནས་ལྟ་བས།  ལུས་ཕུང་ལ་གནོད་བས་ཀྱང་ངོ་ཚ་འཛེམས་པ་གལ་ཆེ་བར་བྱེད།  ངོ་ཚ་མེད་པ་ནི་ཉོན་མོངས་ཀྱི་རྒྱུ་གཙོ་བོ་ཞིག་ཏུ་ནང་བསྟན་ལས་གསུངས་ཤིང་།  དེ་ནི་ཆོས་འཇིག་རྟེན་གཉིས་ཀྱི་ཡ་རབས་སྤྱོད་ལམ་གྱི་ཚད་གཞི་གལ་ཆེན་ཞིག་ཏུའང་མཐོང་། གཞན་ཡང་གནས་སྐབས་གང་གི་དུས་སུ་ཡང་།  ཆང་ནི་འཐུང་མཁན་རང་རང་གི་ཁམ་གྱིས་ལོན་ཚུལ་དུ་འཐུང་བར་འཇུག་པ་ལས། བཙན་གྱིས་ལྡུད་པར་བྱས་ན་མི་བདག་གཉིས་ཀ་ཁྲོང་ཁྲོ་ལངས་པར་བྱེད་དེ། དེ་ནི་ཁོ་ལ་ཆང་བག་མེད་དུ་བླུད་ནས་བླ་སྒུལ་དུ་འཇུག་རྩིས་རེད་ཅེས་མི་འདོད་བཞིན་དུ་བསམ་པར་འགྱུར་ལ། ཆང་ནི་འཐུང་དྲགས་ན་སུ་ལའང་རང་དབང་མེད་པར་གྱུར་ཏེ་ཆ་ལུགས་ཡ་མ་ཟུང་སྟོན་པས།  ཉུང་ཙམ་དང་ཚོད་ཤེས་པ་ཞིག་འཐུང་རྒྱུ་ནི་ངའི་ཕ་ཡུལ་གྱི་ཆང་གི་རིག་གནས་ཡིན། ལ་ལས་ཐ་ན་ངོ་གདོང་དམར་པོར་ལོག་པ་ཡང་ངོ་ཚར་བརྩི་ཞིང་། འཐུང་མི་ཐུབ་པ་ལ་ཡང་ནན་དང་བཙན་གྱིས་ལྡུད་པའི་སྲོལ་ནི་མེད་ལ། དེ་ལྟར་བྱེད་པ་ནི་རང་གཞན་སུས་ཀྱང་ཤིན་ཏུ་མ་རུང་བའི་ལས་ཤིག་ཏུ་ལྟ་ཞིང་། ཆང་བླུད་ནས་བཟི་བར་འཇུག་པ་དང་བཙན་གྱིས་ལྡུད་པར་བྱས་ན་ནི་དེའི་ཁྱིམ་གྱིས་གོ་ན་ཡང་སྐྱོན་འགེལ་ཞིང་། ལྡུད་མཁན་ཁྱིམ་ཚང་གིས་ཀྱང་རང་གི་མགྲོན་པོར་ཆང་ལྡུད་པ་འགྲུལ་བརྩེ་ཆེ་ཞིག་ཏུ་བྱེད་ན་ཡང་། བཟི་བར་སྣང་ན་ཁ་བཀག་ནས་མི་ལྡུད་པ་དང་།  ཡང་ན་རང་ཁྱིམ་དུ་ཉལ་རུ་འཇུག་པ་དང་དེ་མིན་ཁོའི་ཁྱིམ་དུ་མིས་བསྐྱལ་བ་སོགས་བྱས་ཏེ།  ཆང་འཐུང་ཤར་རྒྱག་མི་བྱེད་པར་ཆང་འཐུང་གི་བདེ་འཇགས་ལ་མཐའ་གཅིག་ཏུ་བདག་བྱེད་པར་བརྩོན།  མདོར་ན་དེང་སང་ལྟར་ཇི་ལྟར་བཟི་བ་དང་ཇི་ལྟར་ངོ་ཚ་མེད་ན་དེ་ལྟར་གཟི་བརྗིད་དུ་བརྩི་བ་ལས་ལྡོག་སྟེ།  ཆང་འཐུང་བ་མི་འགོག་ཀྱང་ཆང་ལ་ཚོད་ཤེས་པར་བྱེད་པ་དང་། ཆང་རང་གིས་ནོན་པ་ཞིག་འཐུང་བར་ཀུན་ནས་གདམས་ལ།  གལ་ཏེ་བཟི་ཡོད་ན་ཡང་ཆང་འཐུང་གི་བདེ་འཇགས་ལ་ཁྱིམ་ཚང་དང་སྡེ་བ་ཧྲིལ་པོས་འགན་ལེན་ཡང་དག་བྱེད་དོ།།

Social Customs customs Triga ཡུལ་སྲོལ

Contents

About

Collection Modern Writing from Qinghai Province
Visibility Public - accessible to all site users (default)
Author Takrik Tamdringyel (Ziling)
Year published 2020
Language Standard Tibetan , Tibetan
Subjects
Places
Terms