སུམ་བྷའི་གནས་ཀྱི་ཆེ་བ་མཐོང་བ་ཀུན་སྨོན།

སུམ་བྷའི་གནས་ཀྱི་ཆེ་བ་མཐོང་བ་ཀུན་སྨོན།


ཟི་ལིངརིན་ཆེན་བཀྲ་ཤིས།

 

༄༅། ། ན་མོ་གུ་རུ་པདྨ་ཀ་ར་ཡེ། མཁའ་ཁྱབ་སྐྱེ་དགུའི་རྣམ་འདྲེན་རྫོགས་སངས་རྒྱས། ། མ་རིག་མུན་སེལ་ལུང་རྟོགས་དམ་པའི་ཆོས། ། རིག་གྲོལ་ནོར་བུའི་མཛོད་འཛིན་དགེ་འདུན་ཏེ། ། རིན་ཆེན་གསུམ་གྱིས་འགྲོ་ལ་ཤིས་པ་སྩོལ། ། དེ་ཡང་སུམ་བྷ་ཞེས་བྱ་བའི་ཡུལ་ཚོ་འདི་ནི། ཇི་སྐད་དུ། ས་ལ་དཔལ་འབྱོར་རབ་རྒྱས་པདྨའི་གདན། ། གནམ་ལ་མི་མཐུན་རྣམ་གནོན་འཁོར་ལོའི་གུར། ། ལོགས་ལ་ཕུན་ཚོགས་འགུགས་བྱེད་ཤིས་པའི་རྟགས། ། ཡུལ་ལ་དགེ་བཅུ་མཆོག་གི་མཚན་མ་བཞི། ། ཞེས་པ་ལྟར་གྱི་དམག་དཔོན་རྩེ་སོགས་རྩེ་བརྒྱད་དང་ལུང་ལག་བརྒྱད་ཕྱོགས་སུ་གྱེས་པ་ལས་ས་གཞི་པདྨ་འདབ་བརྒྱད་ཀྱི་དབྱིབས་སུ་གསལ་བར་བཀྲ་ཞིང་། དེ་ལ་བརྟེན་ནས་གནམ་འཁོར་ལོ་རྩིབས་བརྒྱད་ཀྱི་དབྱིབས་སུ་རང་བཞིན་གྱིས་གྲུབ་པ་དང་། ལོགས་སུ་བཀྲ་ཤིས་རྟགས་བརྒྱད་རང་ཆས་སུ་ཡོད་པ་དང་། ཡུལ་ལ་དགེ་བཅུའི་མཚན་ཉིད་མ་ཚང་བ་མེད་པར་ལྷུན་གྱིས་གྲུབ་པར་སྔོན་གྱི་ས་དཔྱད་མཁན་པོ་རྣམས་ཀྱིས་གསུངས་པར་གྲགས་པ་དང་། སྤོར་ཐང་གི་གཙུག་ལག་ལྟར་ན། ཤར་རི་བཤུལ་ལམ་དང་ནགས་ཚལ་གྱི་ཐིག་ལེ་གསལ་བར་བཀྲ་བ་བྲག་གནས་མགོན་པོའམ་ཨ་མྱེས་དམག་དཔོན་ནི་སྟག་སྐྱ་བོ། ལྷོ་ན་རྨ་ཀླུང་གངྒའི་སྲིང་མོ་དལ་བར་འབབ་པ་ནི་གཡུ་འབྲུག་སྔོན་མོ། ནུབ་ན་བྲག་གོ་ཆེའི་མདུན་གྱི་བྲག་དམར་པོ་ནི་བྱ་དམར་པོ། བྱང་ན་ཨ་མ་མཚོ་འཁྱིལ་གྱི་རི་བོ་ནི་རུས་སྦལ་སེར་པོ་སྟེ་ས་སྲུང་ཆེན་པོ་བཞི་འཇིག་རྟེན་བྱེད་པོས་ཆེད་དུ་བཟོས་པ་ལྟར་ཡོད། 

 

  དེ་འདྲའི་གནས་ཁྱད་པར་དུ་འཕགས་པ་སུམ་བྷ་ཞེས་བྱ་བ་ལ་འགྲེལ་ལུགས་གཉིས་བྱུང་སྟེ། གཅིག་ནི་རྒྱལ་པོ་སྲོང་བཙན་སྒམ་པོའི་དུས་ཀྱི་སུམ་པའི་ཚོ་བའི་རྒྱུད་པ་ཡིན་པས་སུམ་བྷ་ཞེས་དང་། ཅིག་ཤོས་ནི་དུས་རབས་བཅུ་གསུམ་པའི་དུས་དཀྱིལ་དུ་ཁམས་ཀྱི་བླ་ཆེན་ཨ་ལགས་ཁམས་པའམ་ཁམས་ཞེ་ཆེན་བྱ་བ་ཕེབས་ནས་སློབ་དཔོན་པདྨ་སམྦྷ་ཝའི་གྲུབ་པའི་གནས་མཆོག་ཏུ་ངོས་འཛིན་མཛད་ཅིང་སམྦྷ་ཝའི་མཚན་ཟུར་ནས་སུམ་བྷའམ་སམ་བྷ་རུ་ཟུར་ཆག་པར་ཡང་བཤད། 

 

ལྟག་གི་ལྷ་རིའམ་སུམ་བྷའི་སྒྲུབ་གནས་སུ། སྔོན་གྱི་དུས་སུ་སློབ་དཔོན་ཆེན་པོ་པདྨ་སམྦྷ་ཝ་སྐུ་དངོས་སུ་བྱོན་ཏེ་སྲིན་པོ་ཕོ་མོ་དམ་ལ་བཏགས་ཤིང་། ཕྱི་རབས་སྐལ་ལྡན་པའི་དད་རྟེན་དུ་ཁོང་གི་སྐུ་བརྙན་དང་། དབུ་རྗེས་དང་ཕྱག་རྗེས་སོགས་དང་། སངས་རྒྱས་སྟོང་སྐུ་རང་བྱོན་གྱི་ཕ་བོང་། མཁའ་འགྲོས་བྲོ་འཁྲབ་པའི་ཞབས་རྗེས་དང་། སྡེ་བརྒྱད་ཀྱིས་ལྕགས་སེར་འདྲིལ་བའི་རྡོ་སོགས་མཇལ་རྒྱུ་ཡོད་ལ། གཞན་ཡང་གཡས་ན་སློབ་དཔོན་གྱིས་རྡོ་རྗེས་བཤགས་པའི་ཁབ་ཆག་གའམ་སུམ་བྷ་འགག་དང་། ལྷོ་ནུབ་ཏུ་སྲིན་མོ་བྲག་ཁུང་དང་དམ་འདོགས་རྡོ་སྣ་སོགས་དང་། བྱང་ན་གྲུབ་དབང་འཇིགས་མེད་བསམ་གཏན་རིན་པོ་ཆེས་བཏོན་པའི་ཆུ་འཁྱིལ་ཁུགས་ཀྱི་ཆུ་མིག་སོགས་ད་ལྟའང་དངོས་སུ་མཇལ་རྒྱུ་ཡོད་དོ། །

 

གནས་འདི་ནི་སློབ་དཔོན་ཆེན་པོས་སྐུ་དངོས་ཀྱིས་བྱིན་རླབས་མཛད་པའི་གནས་ཆེན་ཞིག་ཡིན་པས། སྔ་ཕྱིར་ཁམས་ཀྱི་བླ་མ་ཞེ་ཆེན་དང་། སྒོ་མེ་གྲགས་པ་རྒྱ་མཚོ། ཏིང་ཀྱཱ་སྙན་གྲགས་རྒྱ་མཚོ། གྲུབ་ཆེན་ཆོས་དབྱིངས་རང་གྲོལ། གྲུབ་དབང་འཇིགས་མེད་བསམ་གཏན། ནེའུ་ལུང་སྐུ་ཕྲེང་ལྔ་པ་བསྟན་འཛིན་མཆོག་ལྡན་ཚུལ་ཁྲིམས་རྒྱ་མཚོ། བྲག་དཀར་རྒྱའི་བླ་མ་ཀ་རིང་སྔགས་འཆང་བདུད་འདུད་རྡོ་རྗེ། རིག་འཛིན་དཔའ་བོ་སྟོབས་ལྡན། ཨ་ལགས་གསང་ལུང་། ཨ་ལགས་ཚེ་ཐར། རེབ་གོང་གི་བླ་མ་དགེ་འདུན་འཇམ་དབྱངས་ཤེས་རབ་རྒྱ་མཚོ། ཨ་ལགས་མཁྱེན་བརྩེ། དཀར་བརྗིད་ཨ་ཁུ་རྣམ་གཉིས་སོགས་དང་། ཉེ་དུས་སུའང་སྒ་ཐུབ་བསྟན་དགོན་གྱི་གྲུབ་པའི་དབང་ཕྱུག་ཆོས་དབྱིངས་རྡོ་རྗེ་དང་། སྐེ་ཀྱཱ་ཐམས་ཅད་མཁྱེན་པ། ཏིང་ཀྱཱ་སྐུ་ཕྲེང་བཅུ་གཉིས་པ་ཀུན་བཟང་པདྨ་རྣམ་རྒྱལ། ཨ་ལགས་རིན་ཆེན་རྣམ་རྒྱལ། ཤང་ཁྲིའི་སྤྲུལ་སྐུ་བསྟན་འཛིན་སྙན་གྲགས། ཨ་ལགས་དགེ་འདུན་གྱི་སྐུ་ཕྲེང་གསུམ་པ་ཐུབ་བསྟན་ཆོས་དབྱིངས་རྡོ་རྗེ་སོགས་གསར་རྙིང་གི་སྐྱེས་ཆེན་མང་པོས་སྒྲུབ་པ་ཉམས་བཞེས་གནང་ཞིང་། གནས་འདི་རུ་གསང་སྔགས་རྙིང་མའི་གྲུབ་བརྙེས་ཀྱི་རྣལ་འབྱོར་ཕོ་མོ་མང་པོ་དང་། ནེའུ་ལུང་སྐུ་ཕྲེང་དགུ་པ་བློ་བཟང་ལུང་རྟོགས་རྒྱ་མཚོ་དང་། གསང་ལུང་སྐུ་ཕྲེང་གསུམ་པ་རིག་འཛིན་ཆོས་འཕེལ་སོགས་བླ་མ་ཡང་འཁྲུངས། 

 

ཡུལ་ཚོ་འདི་ནི། སྔར་སྒོ་མེའི་ཁོངས་སུ་གཏོགས་ཤིང་། དཀར་བརྗིད་ཚོ་བ་བཅུ་གསུམ་མམ་བཅོ་བརྒྱད་ཀྱི་ནང་ཚན་ཡིན་ལ། ཕྱིས་སུ་ཁྲི་ཀའི་ཁོངས་སུ་བཅུག ཡུལ་ཚོ་འདི་སྐྱུར་དང་། ལྷ་རིས། ནག་རྒྱ་ཨ་དཔའ་བཅས་ཚོ་བ་གསུམ་གྱིས་གྲུབ་ཅིང་། སུམ་བྷའི་དཔོན་རྒྱུད་དང་སྔགས་རྒྱུད་ཀྱང་ད་ལྟའི་བར་དུ་མཆིས། ཡུལ་ཚོ་འདིར་ལོ་རེར་ཆོས་ཐོག་བཅུ་གསུམ་ཡོད་པ་དང་། གཙོ་བོ་གསང་སྔགས་རྙིང་མའི་ཆོས་སྐོར་གྱི་སྒྲུབ་པ་བཀའ་བརྒྱད་སོགས་ཉམས་སུ་ལེན་ན་ཡང་། མཆོད་འདུ་ཞེས་པའི་ཆོས་ཐོག་ཏུ་གསར་རྙིང་གཉིས་ཀའི་ཆོས་སྐོར་གྱི་ཆོ་ག་ཉམས་བཞེས་བྱེད་ཅིང་། གཞན་ཡང་ཀོང་སྤྲུལ་རིན་པོ་ཆེས་གསུངས་པའི་གཉེན་གྱི་ཡན་ལག་བདུན་ཞེས་པ་ཡང་ད་ལྟའི་བར་དུ་ཡུལ་ཚོ་འདིའི་གཉེན་སྟོན་ལས་མ་ཉམས་པར་རྒྱུན་འཛིན་བྱས་ཡོད་དོ། །

 

ཡུལ་ཚོ་འདི་རུ་གྲུབ་གནས་བསམ་གཏན་འཕེལ་རྒྱས་གླིང་དང་། སྔགས་ཁང་པདྨ་འོད་གསལ་གླིང་། སུམ་བྷའི་ལབ་ཙེ་དགྲ་ལྷ་རང་འཁོར། སྲིན་མོ་བྲག་ཁུང་། དམ་འདོགས་རྡོ་སྣ། མཚོ་པདྨ། ཀླུ་ཆུ། ཀླུ་སྡོང་། བཙན་རྫོང་གི་རྗེས་ཤུལ་སོགས་མཆིས་ཤིང་། སུམ་བྷའི་གཡེར་མ་དང་། ཤིང་ཏོག་གི་རིགས། སུམ་བྷའི་ནས་ཆང་བཅས་མཐའ་འཁོར་གྱི་ཡུལ་གྲུ་ཀུན་ལ་གྲགས་པས་ཁྱབ་ཡོད་དོ། །

 

 

 

 

Contents

About

Collection Modern Writing from Qinghai Province
Visibility Public - accessible to all site users (default)
Author Rinchen Trashi (Ziling)
Year published 2020
Language Standard Tibetan , Tibetan
Places