ཁྲི་ཀའི་སྐྱེས་ལྷ་ཨ་མྱེས་སྲིན་པོའི་སྐོར་རོབ་ཙམ་གླེང་བ།

ཁྲི་ཀའི་སྐྱེས་ལྷ་ཨ་མྱེས་སྲིན་པོའི་སྐོར་རོབ་ཙམ་གླེང་བ།

གླིང་ཚ་སྙིང་རྒྱལ་འབུམ།

 

གཅིག གང་དུ་གནས་པའི་ཡུལ་བཤད་པ། 


དེ་ཡང་བྲག་དགོན་པའིམདོ་སྨད་ཆོས་འབྱུངལས་དེང་གི་ཁྲི་ཀ་དང་གཙན་ཚ་གཉིས་ལ་ཁྲི་ཀ་གོང་འོག་གི་མིང་བརྡ་སྦྱར་ཡོད་པ་ལྟར།“ཁྲི་ཀ་གོང་འོག་གཉིས་ཀྱི་ས་མཚམས་སུ་སྲིན་པོ་རི”གནས་ཏེ། ཁྲི་ཀ་རྫོང་རྨ་ཤར་ཞང་གི་ཤར་ཕྱོགས་དང་། གཙན་ཚ་རྫོང་སྐྱ་རྒྱ་ཞང་གི་ནུབ་ཕྱོགས་སུ་ལྷོ་ནས་བྱང་དུ་བརྐྱངས་པའི་སྤྱིའི་རིང་ཚད་ལ་སྤྱི་ལེ་30ལྷག་དང་། རྒྱ་མཚོའི་ངོས་ལས་མཐོ་ཚད་ལ་རྨིད4614ཡོད། ཤར་གྱི་གཞུང་ཐིག101.47དང་། བྱང་གི་འཕྲེད་ཐིག36.02སྟེང་ན་ཡོད། དེ་ནི་སྲིན་པོའི་དབུ་རྩེ། གོ་དོར་ལ། བྲ་མ་རི་རྒན། བྲ་མ་ལ་སོགས་རི་རྒྱུད་ཀྱིས་གྲུབ་ཅིང་། མྱང་རྩི་སྤྲས་དང་། མེ་ཏོག་གངས་ལྷ། ཀླུ་བདུད་རྡོ་རྗེ། ཏང་ཀུན་སོགས་སྔོ་སྨན་གྱི་རིགས་དང་། གླ་བ་དང་གཡི་དཀར། རྫ་ཁའི་གོའུ་ཡག་སོགས་རི་སྐྱེས་སྲོག་ཆགས་དཀོན་པོའང་མང་པོ་ཡོད་ལ། ཆུའི་ཐོན་ཁུངས་ཀྱང་འཛོམས་པོ་ཡིན་པ་བཅས་ཀྱིས་ཁྲི་ཀའི་མཛེས་ལྗོངས་བརྒྱད་དུ་གྲགས་པ་ལས“ཤར་རྫ་རིའི་སྨུག་སྤྲིན་ཆར་དུ་བསྙིལ”ཞེས་སུ་བསྔགས་པའི་ཡུལ་ཁྱད་པར་ཅན་ཞིག་ཡིན་ཏེ། རྣལ་འབྱོར་གྲུབ་པའི་དབང་ཕྱུག་བྲག་དཀར་སྔགས་རམས་པ་བློ་བཟང་བསྟན་པ་རབ་རྒྱས་ཀྱིཁྲི་ཀ་སྲིན་པོ་རིའི་བསང་མཆོད་བསམ་དོན་ལྷུན་གྲུབལས། “དལ་འབབ་རྨ་ཀླུང་ཆུ་བོའི་འགྲམ་ཤེད་ན། །ཕྱོགས་བྲལ་མཚན་གསོལ་ཁྲི་ཀ་སྲིན་པོ་རི། །རྩེ་མོ་མངོན་མཐོ་དཀར་གསལ་མཁའ་ལ་སྙེགས། །རྩ་བ་རབ་རྒྱས་འཛིན་མའི་ཁྱོན་ཀུན་ཁྱབ། །སྐེད་པ་ལྷུན་སྟུག་སྤང་བྲག་ནགས་ཀྱིས་བརྒྱན། །”ཞེས་དང་། ཡབ་རྗེ་གསེར་ཁང་བའི་བསང་ཡིག་ལས་ཀྱང་། “ཀྱེེ། སྟེང་ན་ཆུ་འཛིན་དཀར་པོ་ཞྭ་ལྟར་མཛེས། །ཕུ་ན་བརྗིད་ཆགས་ཤེལ་དཀར་ལྷུན་པོས་མཛེས། །འདབས་ན་རྨ་ཆུ་སྔོན་མོ་དལ་གྱིས་འབབ། །བར་དུ་དགེ་མཚན་གཡང་དུ་འཁྱིལ་བའི་དབུས། །རབ་མཛེས་གངས་ཀྱི་ལྷུན་པོ་བརྗིད་ཆགས་ཅན། །རྩ་བར་ནགས་ཚལ་ཆུ་བོ་ལྷུང་ལྷུང་འབབ། །ཕྱོགས་མཚམས་བཀྲ་ཤིས་རི་ཕྲན་དུ་མས་བསྐོར། །”ཞེས་པ་ལྟར། དབུ་རྩེ་གཡའ་མས་བརྒྱན་ཞིང་། འདབས་ན་རྨ་ཆུ་སྔོན་མོ་ལྷུང་ལྷུང་འབབ་པ། རི་སྐེད་ནགས་དང་སྤང་གིས་མཛེས་པའི་རྫ་རི་ཞིག་ཡིན། 
ཨ་མྱེས་སྲིན་པོའི་ཕྱོགས་བཞིར་སྒོ་སྲུང་བཞི་སྟེ། རྫ་དཀར་པོ་དང་། སྲིན་པོ་རྫ་རྒན། སྟག་གདོང་གཉན་པོ། བྱང་དམར་རི་རྒན་བཅས་ཀྱིས་བསྐོར་ཅིང་། ཨུ་ཟུར་ཉག་ཁའི་ཚུ་རོལ་གྱི་བྲག་རྒྱ་སྒོ་ནི་ཨ་མྱེས་སྲིན་པོའི་རྒྱ་སྒོ་དང་། མཚོ་འཁྱིལ་སྒང་ནི་ཁོང་གི་སྨན་ཁུག ཨ་བསྟན་ས་ཆ་ནི་ཁོང་གི་རྨོག རྟ་ར་གོང་ཞོལ་བར་གསུམ་གྱི་ས་ནི་ཁོང་གི་རྟ་ར། སྲིན་པོའི་རྟ་ར་ལྷས་རྒན་ནི་ཁོང་གི་རྟ་འཚོ་ས། ཨ་མྱེས་རྩེ་རི་ནི་ཁོང་གི་མཆོད་ཁང་གི་དཀོན་གཉེར་ཡིན་པའི་བཤད་རྒྱུན་ངོ་མཚར་བ་མང་པོ་ཡོད། རྫ་རྒྱུད་ཀྱི་མདུན་རྒྱབ་ཏུ་ལ་མོ་བདེ་ཆེན་ཆོས་འཁོར་གླིང་དང་། ལྷ་རི་བསམ་གཏན་གླིང་། སྣང་རའི་གསེར་ཁང་། ཨན་ཆུང་གནམ་རྫོང་། མཆོད་རྟེན་དྲིལ་གསིལ་མ། ཇོ་ཇོའི་ལྷ་ཁང་། མི་ཉག་མཆོད་རྟེན། ལྷ་དཀར་པོ་བྱམས་པ་རང་སྐྱེས། ཀུན་བཟང་མེ་ལོང་བྲག་དཀར་མཁའ་སྤྱོད་དཔལ་གྱི་གུང་ཁང་སོགས་བཤད་དང་སྒྲུབ་པའི་གནས་མཆོག་དུ་མ་སྐར་ཚོགས་བཞིན་བཀྲམ་ཡོད། གཞན་སྐྱེས་ལྷ་གཉན་པོ་འདི་དང་ཆ་མཚུངས་པར་བོད་ཀྱི་རི་ཆེན་བཞིའི་ཡ་གྱལ་དཔལ་ཆེན་ཆུ་བོ་རིའི་རྒྱུད་དུའང་དྲང་སྲོང་སྲིན་པོ་རི་ཞེས་དཔལ་འཁོར་ལོ་བདེ་མཆོག་གི་གནས་རི་གྲགས་ཅན་ཞིག་ཡོད་ཀྱང་འདི་གཉིས་ལ་འབྲེལ་བ་ཡོད་མེད་གསལ་བོར་མ་ངེས་སོ། །


གཉིས། ཨ་མྱེས་སྲིན་པོའི་བྱུང་བ། 


ཨ་མྱེས་སྲིན་པོའི་མིང་བྱུང་བ་ཆེས་སྔ་ཤོས་ལ་ཏུན་ཧོང་ནས་ཐོན་པའི་ཡིག་ཚང་p.t0996ལས། “ལོ་བདུན་ཅུ་རྩ་གཅྀག་སྟེ། ཁྱྀ་འྀ་ལོའི་དཕྱིད་སླ་ར་བ་ཚེས་ཉྀ་ཤུ་དགུ་ལ། ཞོང་པོང་གི་དགོན་སར་སྐྱྀལ་མོ་གྲུང་མ་གཡོས་། མདངས་མ་གྱུར་པར་དུས་ལས་འདས་སོ། དེའི་ནུབ་མོ་ནམ་གྀ་གུང་ལ་། དབེན་སའྀ་ལྟ་འོག་གི་ཞོང་པོང་གི་རི་རྒྱུད་ནས། སྲྀན་པོ་རྀའི་བར་གྀ་ནམ་ཀ་ལ་འོད་ཆེན་པོ་གཉྀས་ཆགས་སུ་བྱུང་བས་ཡུལ་ཕྱོགས་༄། །གསལ་བར་གྱུར་ཏེ། ནུབ་ཕོགས་སུ་འདས་པར་གྱུར”ཅེས་མཁན་པོ་ནམ་མཁའི་སྙིང་པོ་སྐུ་གཤེགས་པའི་ནམ་གྱི་གུང་ལ་སྲིན་པོ་རིའི་རྩེ་ནས་འོད་ཆེན་པོ་གཉིས་ཀྱིས་ཡུལ་ཕྱོགས་གསལ་བར་བྱས་ཚུལ་དང་། “ཨན་ཅུང་འཁོར་དུ་སྤུར་སྐྱེལ་བ། དགེ་སློང་འབྲོ་ཤག་ཀྱ་ལས་སྩོགས་པས་བསྐྱལ་པའྀ་ཚེ། སྲྀན་པོ་རྀ་འི་རྩེར་ཕྱྀན་པ་དང། ནམ་ཀའྀ་ལས་མཚོན་སྤྲྀན་སྣ་ལྔ་སྨུག་པར་ཆགས་ཏེ། ཨན་ཆུང་དབེན་སར་ཕྱྀན་གྀ་བར་དུ་ནམ་ཀ་ལ་རྀ་རྩེར་ཕྱྀན་ཕྱྀན་གྀ་བར་དུ་གདའ”ཞེས་དགེ་སློང་སྤུག་ཡེ་ཤེས་དབྱངས་སྐུ་གཤེགས་རྗེས་སྤུར་དགེ་སློང་འབྲོ་ཤཀྱ་སོགས་ཀྱིས་སྲིན་པོ་རི་བརྒྱུད་དེ་ཨན་ཆུང་གནམ་རྫོང་དུ་སྐྱེལ་ཚུལ་བཀོད་ཡོད་པ་ལས་སྲིན་པོ་རྫ་རི་ནི་དེ་དུས་ནས་གནས་རི་འགངས་ཆེན་ཞིག་ཏུ་བརྩི་བ་རྟོགས་ནུས། 
དེ་ཡང་ལྷ་ཆེན་འོ་དེ་གུང་རྒྱལ་ནི་བོད་ཁམས་ཡོངས་ཀྱི་ཡུལ་ལྷ་གཞི་བདག་གི་སྤྱི་མེས་ལྟ་བུར་སྣང་ཞིང་། དེའི་རིགས་སྲས་བརྒྱད་འཁྲུངས་པ་ལ་ཆེ་ཆུང་གི་རིམ་པ་ལྟར་ཡར་ལྷ་ཤམ་པོ། གཉན་ཆེན་ཐང་ལྷ། རྨ་ཆེན་སྦོམ་ར། ཇོ་བོ་སྒྱོགས་ཆེན་ལྡོང་ར།  སྐྱིད་ཤོད་ཞོགས་ལྷ་རྒྱུག་པོ། ཇོ་བོ་གཡུལ་རྒྱལ། ཤེལ་དཀར་ཇོ་བོ་རྟ་རྒོད། གནོད་སྦྱིན་གང་བཟང་བཅས་ཡོས་གྲགས་སུ་སྲིད་པ་ཆགས་པའི་ལྷ་དགུ་དང་། དེ་ལས་འཕྲོས་ཏེ་བོད་ཀྱི་ཡུལ་ལུང་སོ་སོའི་གཞི་བདག་སྲས་རྣམས་ཀྱིས་ཡུལ་ཕྱོགས་ཁག་སྐྱོང་དུས་དེ་ནས་བྱེ་བྲག་ཏུ་བོད་ཀྱི་ཡུལ་ལུང་སོ་སོའི་གཞི་བདག་མཐའ་དག་གི་འབྱུང་ཁུངས་ཀྱང་སྲིད་པ་ཆགས་པའི་ལྷ་དགུ་དང་མ་འབྲེལ་བ་ཞིག་ཕལ་ཆེར་མེད་པའི་ཚོད་དུ་སྣང་། སྐབས་བབ་ཀྱི་འཆད་བྱར་གྱུར་པའི་སྐྱེས་ལྷ་ཨ་མྱེས་སྲིན་པོའང་བྲག་དཀར་སྔགས་རམས་པའི
བསང་ཡིག་བསམ་དོན་ལྷུན་གྲུབལས། “གང་གི་བཀའ་ལུང་མི་འགྱུར་རྡོ་རྗེའི་ཁུར། །སྣང་སྲིད་དྲེགས་པའི་གཙུག་ན་ངལ་གསོ་བ། །གྲུབ་དབང་ཆེན་པོ་པདྨ་ཐོད་ཕྲེང་རྩལ། །བློ་བཟང་རྒྱལ་བ་གཉིས་པ་ཡབ་སྲས་སོགས། །བྱང་སེམས་རྡོ་རྗེ་འཛིན་པའི་ཚོགས་རྣམས་ཀྱིས། །བསྟན་དང་བསྟན་འཛིན་སྐྱོང་བར་བཀའ་བསྒོས་བཞིན། །སངས་རྒྱས་བསྟན་པ་སྲུང་བའི་མཐུ་རྩལ་ཅན། །རྣལ་འབྱོར་མཐུན་རྐྱེན་སྒྲུབ་པའི་དམ་ཚིག་ཅན། །རྨ་ཆེན་བཀའ་བློན་སྲིན་པོ་གསེར་ཁྲབ་ཅན། །བདུད་འདུལ་གཏུམ་པོ་འཕྲོག་བྱེད་གཉན་གྱི་རྗེ། །དཀར་ཕྱོགས་སྐྱོང་ལྷ་རྒྱལ་དགེ་བསྙེན་ཆེ། །”ཞེས་དང་། ལྷ་རི་མཆོག་སྤྲུལ་བློ་བཟང་ཚུལ་ཁྲིམས་རྒྱ་མཚོའི་བསང་ཡིག་ལས། “སྔོན་ཚེ་དུས་གསུམ་རྒྱལ་བའི་སྤྱན་སྔ་རུ། །བསྟན་དང་བསྟན་འཛིན་རྣལ་འབྱོར་བུ་བཞིན་དུ། །སྐྱོང་བར་ཞལ་བཞེས་རྨ་གཉན་བཀའ་བློན་མཆོག །ལྷ་ཆེན་གཏུམ་པོ་བདུད་འདུལ་གསེར་ཁྲབ་ཅན། །”ཞེས་སློབ་དཔོན་པདྨ་འབྱུང་གནས་དང་རྒྱལ་བ་གཉིས་པ་ཤར་ཙོང་ཁ་བ་བློ་བཟང་གྲགས་པ་སོགས་སྔོན་གྱི་སྐྱེས་ཆེན་དམ་པ་མང་པོས་བསྟན་པ་འཛིན་པར་བཀའ་བསྒོས་པ་བཞིན་ཡུལ་འདིའི་བསྟན་སྲུང་དུ་བཞུགས་ཤིང་། བྱེ་བྲག་ཏུ་སྲིད་པ་ཆགས་པའི་ལྷ་དགུའི་ཡ་གྱལ་ཨ་མྱེས་རྨ་ཆེན་སྦོམ་རའི་བཀའ་བློན་ཡིན་པར་ཞལ་གྱིས་བཞེས། འདི་ལ་དམངས་ཁྲོད་ངག་རྒྱུན་དུ་འཇམ་མགོན་ས་པཎ་ཀུན་དགའ་རྒྱལ་མཚན་གྱིས་ཁྲི་ཀའི་ཇོ་བོ་བཞེངས་དུས་ཨ་མྱེས་སྲིན་པོ་དང་ཨ་མ་ཟོ་དགུ་གཉིས་ཀྱིས་མཚན་ལྟར་བཤིག་པས། ཁོང་གིས“སྲིན་པོ་དམ་ལ་བཏགས་ཏེ་བསྟན་སྲུང་ལ་བཀོད་ནས་བསང་ཡིག་སོགས་བརྩམས་པར་བཤད་ཀྱང་།” ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་སྐུ་དུས་སུ་སློབ་དཔོན་པདྨ་འབྱུང་གནས་བོད་དུ་གདན་དྲངས་ཤིང་། བསམ་ཡས་གཙུག་ལག་ཁང་མ་བཞེངས་པའི་སྔོན་ལ་སྲིད་པ་ཆགས་པའི་ལྷ་དགུ་གཙོས་པའི་བོད་ཀྱི་ལྷ་གཉན་མཐུ་བོ་ཆེ་རྣམས་དམ་ལ་བཏགས་པའི་ཚུལ་ནི་ལོ་རྒྱུས་ཡོངས་གྲགས་ལྟར་ཡིན་ལ། བྱེ་བྲག་ཏུ་རྨ་ཆེན་སྦོམ་རའི་སྲས་དགུ་པ་ས་བརྒྱད་པ་ཐོབ་པའི་སྐྱེས་ལྷ་ཨ་མྱེས་སྲིན་པོ་ཡང་དེ་དུས་ནས་དམ་ལ་བཏགས་ཏེ་བསྟན་སྲུང་ལ་བཀའ་བསྒོས་ཡོད་པ་རྟོགས་ནུས་པ་མ་ཟད། གོང་གསལ་བསང་ཡིག་དག་ལས་ཀྱང་ཤེས་ཐུབ་བོ། །
དེ་ལྟར་དེང་གི་དུས་འདིར་ཡང་། ཁྲི་ཀ་གོང་འོག་གཉིས་ཀྱིས་ཟླ་རེའི་ཚེས་གཅིག་དང་། ཚེས་གསུམ། ཚེས་བརྒྱད། ཚེས་བཅོ་ལྔ་སོགས་དུས་ཆེན་ཁྱད་པར་ཅན་ལ་སྐྱེས་ལྷ་སྲིན་པོའི་དབུ་རྩེ་བསང་མཆོད་དུ་བསྐྱོད་མཁན་རྒྱུན་མི་ཆད་ལ། སྐྱེས་ལྷ་སྲིན་པོའི་མཐའ་བསྐོར་དུ་གཞིས་ཆགས་པའི་སྒྲུབ་པའི་སྡེ་ཆེན་པོ་བགྲང་ལས་འདས་པ་མང་པོས་གཞི་བདག་གང་གི་གྱན་ཐང་དང་ལྡེབས་རིས་བཞེངས་པ། གསོལ་མཆོད་དམ་བསང་ཡིག་རྩོམ་པ། དེའི་བསྐང་ཆོག་ཆད་མེད་དུ་འདོན་པའི་སྲོལ་ནར་མར་གནས་ཤིང་། ཡུལ་སྡེ་སོ་སོས་ལོ་རེའི་བོད་ཟླ་ལྔ་བའི་ཚེས་བཅོ་ལྔ་སོགས་ལ་དགྲ་ལྷའི་ལབ་ཙེ་བསྟོད་དུས་ཀྱང་བསང་མཆོད་ཀྱི་ཐོག་མའི་རིམ་པ་ལ་སྲིད་པ་ཆགས་པའི་ལྷ་དགུ་དང་། བྱེ་བྲག་ཏུ་ཨ་མྱེས་རྨ་ཆེན་དང་། སྐྱེས་ལྷ་སྲིན་པོ་སོགས་ལ་མཆོད་པ་ལས་ཀྱང་གཞི་བདག་གང་ཉིད་ཡུལ་འདིའི་སྐྱེ་བོ་ཡོད་དོ་ཅོག་གིས་འཇིག་རྟེན་འདི་སྣང་གི་ཕན་བདེ་དང་མཐུན་རྐྱེན་སྒྲུབ་པའི་གྲོགས་དན་དུ་མཆོད་པའི་སྲོལ་སྔར་མུས་བཞིན་ཡོད་དོ། །


གསུམ། ཨ་མྱེས་སྲིན་པོའི་སྐུའི་ཆ་བྱད་ཀྱི་སྐོར།


ཨ་མྱེས་སྲིན་པོ་ནི་རྟེན་ཕོ་ལྷ་ཡིན་ཞིང་ས་བརྒྱད་པ་ཐོབ་ཡོད་པར་གྲགས་ཤིང་། བྲག་དཀར་སྔགས་རམས་པ་བློ་བཟང་བསྟན་པ་རབ་རྒྱས་ཀྱི་རྣམ་ཐརདུ“སྟོད་མི་ལ་སྨད་སྦྲུལ་མཇུག་ཏུ་འཁྱིལ་བ་འཇམ་དབྱངས་ནཱ་ག་རཀྵ་ཤར་འདྲ”ཞེས་དང་། ལྷ་རི་མཆོག་སྤྲུལ་བློ་བཟང་ཚུལ་ཁྲིམས་རྒྱ་མཚོས“དབུ་དགུ། སྨད་སྦྲུལ་མཇུག་དང་། འཇམ་དབྱངས་ནཱ་ག་རཱཀྵ”ཞེས་སྐྱེས་ཆེན་དམ་པ་རྣམས་ཀྱི་གཟིགས་སྣང་མི་འདྲ་བ་ལ་བརྟེན་ནས་སྐུའི་ཆ་བྱད་སྣ་ཚོགས་སུ་ཤར་རམ་སྙམ་ཡང་། ཁོང་རྣམ་པས་མཛད་པའི་བསང་ཡིག་དང་དམངས་ཁྲོད་ངག་རྒྱུན་དག་བསྡུར་ནས་བལྟས་ན། བྲག་དཀར་སྔགས་རམས་པ་བློ་བཟང་བསྟན་པ་རབ་རྒྱས་ཀྱིབསང་མཆོད་བསམ་དོན་ལྷུན་གྲུབལས། “ཁྱོད་ནི་ལྷ་དང་བླ་དཔོན་རྣམ་འཕྲུལ་གྱིས། །རྟ་དཀར་བཅིབས་ཤིང་ཞི་བའི་འཁོར་གྱིས་བསྐོར། །ཞི་དུལ་ལྷ་ཡི་ཚུལ་གྱི་དངོས་གྲུབ་སྩོལ། །ཞི་བའི་ལས་མཛད་ལྷ་ཆེན་ཁྱོད་ལ་བསྟོད། །”ཅེས་ཨ་མྱེས་སྲིན་པོ་ཞི་བའི་དབང་དུ་བྱས་ཚེ་ལྷ་དང་བླ་མའི་འཕྲུལ་གྱིས་བྱམས་པའི་མདངས་དང་ལྡན་པ། རྟ་དཀར་པོར་བཅིབས་ཤིང་ཞི་བའི་འཁོར་གྱིས་བསྐོར་བའི་ཚུལ་དུ་བྲིས་ཡོད་ལ།
“གསེར་ཁྲབ་གསོལ་ཞིང་གསེར་རྟ་ངང་བ་བཅིབས། །གསེར་གྱི་ཁྲབ་ཅན་སྟོང་གི་འཁོར་དང་བཅས། །འབྲོག་ནས་གནོད་སྦྱིན་ཚུལ་གྱིས་དངོས་གྲུབ་སྟེར། །རྒྱས་པའི་ལས་མཛད་འབྲོག་ནས་ཁྱོད་ལ་བསྟོད། །”ཅེས་སྐུ་ལ་གསེར་ཁྲབ་གསོལ་བ། ཆིབས་པ་གསེར་རྟ་ངང་བ། འཁོར་གསེར་ཁྲབ་ཅན་སྟོང་གིས་བསྐོར་བ་གནོད་སྦྱིན་གྱི་ཚུལ་གྱིས་རྒྱས་པའི་ལས་ཀྱི་ཆ་བྱད་དུ་གསུངས་ཤིང་། “པད་རག་ལྟར་དམར་བསེ་རྨོག་བསེ་ཁྲབ་གྱོན། །མདུང་དམར་བསམ་འཕེལ་དབང་རྒྱལ་ཕྱག་ན་བསྣམས། །ཅང་ཤེས་ཁམ་པ་རླུང་གཤོག་ཆིབས་སུ་བཅིབས། །དབང་གི་ལས་མཛད་ཁྱོད་ལ་བདག་བསྟོད་དོ། །”ཅེས་སྐུ་ལ་བསེ་ཁྲབ་བསེ་རྨོག་གསོལ་ཞིང་། མདུང་དར་དམར་པོ་བསྣམས་པ། ཅང་ཤེས་ཁམ་པ་རླུང་གཤོག་ལ་བཅིབས་པའི་རྣམ་པས་དབང་གི་ལས་ཀྱི་ཆ་ནས་བསྟོད་པ་དང་། “བེར་ནག་གྱོན་ཞིང་རུ་དར་མཚོན་ཆ་ཐོགས། །རྟ་ནག་བཅིབས་ཤིང་བདུད་དཔུང་འཁོར་གྱིས་བསྐོར། །དགྲ་ལྷའི་ཚུལ་གྱིས་དགྲ་བགེགས་ཕྱེ་མར་འཐག །དྲག་པོའི་ལས་མཛད་སྲུང་མ་ཁྱོད་ལ་བསྟོད། །”ཅེས་སྐུ་ལ་བེར་ནག་གྱོན་ཞིང་ཕྱག་ཏུ་རུ་དར་མཚོན་ཆ་ཐོགས་པ། ཆིབས་པ་རྟ་ནག་བཅིབས་ཤིང་བདུད་དཔུང་ཚོགས་ཀྱིས་བསྐོར་བ་དྲག་པོའི་ལས་ཀྱི་ཚུལ་དུ་བྲིས་པས། ཨ་མྱེས་སྲིན་པོ་ལ་ཞི་རྒྱས་དབང་དྲག་གི་ལས་བཞིའི་རྐྱེན་གྱིས་སྐུའི་ཆ་བྱད་ཀྱང་མི་འདྲ་བར་གསུངས་ཡོད། ཡབ་རྗེ་གསེར་ཁང་བས་མཛད་པའི
ཨ་མྱེས་སྲིན་རྒན་པད་མ་དབང་སྡུད་ཀྱི་གསོལ་མཆོདལས། “གསེར་ཁྲབ་སེར་པོ་ལུས་ལ་གྱོན། །དབུ་ལ་གསེར་གྱི་མོག་ཞྭ་མནབས། །ཕྱག་ན་རྦ་ལྕག་སེར་པོ་ཕྱར། །བཅིབས་སུ་ངང་བ་སེར་པོ་ཆིབས། །གསེར་ཁྲབ་གཡུ་མཐུར་སི་ལི་ལི། །གསེར་འོད་སྒ་སྟན་ལྷབ་སེ་ལྷབ། །གསེར་སྒ་སེར་པོ་བང་སེ་བང་། །གསེར་གྱི་ཡོབ་ཆེན་ཁྲ་ལ་ལ། །མུ་ཏིག་གོང་རྨེད་ཀྱིག་སེ་ཀྱིག །སྲིན་པོ་ཐམས་ཅད་ཟིལ་གྱིས་གནོན། །གསེར་གྱི་ཁྲབ་ཅན་སྟོང་གིས་བསྐོར། །”ཅེས་སྐུ་ལ་གསེར་ཁྲབ་སེར་པོ་དང་། དབུ་ལ་གསེར་གྱི་མོག་ཞྭ་མནབས་པ། ཕྱག་ན་རྦ་ལྕག་སེར་པོ་བསྣམས་པ། ཆིབས་ལ་ངང་བ་སེར་པོ་བཅིབས་པར་གསེར་ཁྲབ་དང་གཡུའི་མཐུར་མདའ། གསེར་སྒ་གསེར་སྟན། གསེར་གྱི་ཡོབ་ཆེན། མུ་ཏིག་གི་གོང་རྨེད། འཁོར་གསེར་ཁྲབ་ཅན་སྟོང་གིས་བསྐོར་བར་གསུངས་པ་དང་། ལྷ་རི་མཆོག་སྤྲུལ་བློ་བཟང་ཚུལ་ཁྲིམས་རྒྱ་མཚོའི་བསང་ཡིག་ལས། “ལྷ་ཆེན་གཏུམ་པོ་བདུད་འདུལ་གསེར་ཁྲབ་ཅན། །སྐུ་མདོག་དཀར་པོ་ཕྱག་གཡས་མདུང་དར་འཕྱར། །གཡོན་པས་ནོར་གཞོང་རིན་ཆེན་གང་བ་འཛིན། །དབུ་ལ་གསེར་ཞྭ་ཞབས་ལ་སག་ལྷམ་གྱོན། །སྐེད་ལ་དཔའ་ཆས་སྟག་རལ་གཟིག་ཤུབས་འཛིན། །གསེར་སྒ་རིན་ཆེན་གསེར་མཐུར་གྱིས་སྤྲས་པའི། །རྟ་མཆོག་ངང་བ་རྫུ་འཕྲུལ་ཤུགས་ལྡན་ཆིབས། །འཁོར་དུ་བཀའ་གཉན་གསེར་ཁྲབ་གསེར་རྨོག་ཅན། །སྣ་ཚོགས་མཚོན་ཐོགས་རྟ་ཞོན་སྟོང་གིས་བསྐོར། །གཞན་ཡང་མཆེད་ལྕམ་ལྷ་ཀླུ་སྨན་མོ་སོགས། །”ཞེས་སྐུ་མདོག་དཀར་ཞིང་གསེར་གྱི་ཁྲབ་གྱོན་པ། ཕྱག་གཡས་པར་མདུང་དར་འཕྱར་ཡོད་པ་དང་། ཕྱག་གཡོན་པས་ནོར་གྱི་གཞོང་བ་འཛིན་ཅིང་རིན་པོ་ཆེས་བཀང་བ་དང་། དབུ་ལ་གསེར་ཞྭ་དང་ཞབས་ལ་སག་ལྷམ་གྱོན་པ། སྐེད་པར་དཔའ་ཆས་ཀྱི་སྟག་རལ་དང་གཟིག་པགས་ཀྱིས་བརྒྱན་ཞིང་། རྟའི་སྒ་ནི་རིན་ཆེན་གསེར་གྱིས་སྤྲས་པ་དང་། རྟ་མཆོག་ངང་བ་རྫུ་འཕྲུལ་གྱི་ཤུགས་དང་ལྡན་པར་བཅིབས་པ་ཞིག་ཡིན་པར་གསུངས་པས། བསང་ཡིག་ཁག་ལས་སྐུའི་ཆ་བྱད་ལ་མི་འདྲ་བ་འགའ་རེ་འདུག་ཀྱང་། སྤྱིའི་ཆ་ནས་གསེར་ཞྭ་གསེར་ཁྲབ་གྱོན་པ། ཕྱག་གཡས་པར་རྦ་ལྕག་སེར་པོ་བསྣམས་པ།  གཡོན་པར་ནོར་གྱི་གཞོང་བ་རིན་པོ་ཆེས་བཀང་བ་འཛིན་པ། གསེར་སྒ་གསེར་སྟན་དང་གཡུའི་མཐུར་ཅན་གྱི་ཆིབས་པ་རྟ་མཆོག་ངང་བ་རྫུ་འཕྲུལ་ཤུགས་ལྡན་བཅིབས་པ། དཔའ་ཆས་སྟག་རལ་དང་གཟིག་པགས་ཀྱིས་བརྒྱན་པ། འཁོར་གསེར་ཁྲབ་ཅན་སྟོང་གིས་བསྐོར་བ་ཞིག་ཡིན་ལ། གསོལ་མཆོད་རྩོམ་མཁན་རང་ཉིད་ཀྱི་གཏད་བྱའི་རེ་སྨོན་མི་འདྲ་བར་གཞིགས་ནས་མཆོད་ཡུལ་སྐྱེས་ལྷ་གཉན་པོའི་སྐུའི་ཆ་བྱད་ཀྱང་མི་འདྲ་བར་སྣང་ཞིང་། གཙོ་ཆེར་བསྟན་པ་འཕེལ་ཞིང་རྒྱས་ལ་བསྐལ་བར་གནས་པ་དང་། སྐྱེ་འགྲོ་ཐམས་ཅད་ཐུགས་མཐུན་ཁྲིམས་གཙང་ཡིན་པ། ཚེ་བསོད་རླུང་རྟ་རྒྱས་པ། སྐུ་ཚེ་རྒྱལ་མཚན་བརྟན་པ། དོན་བྱ་བགེགས་མེད་ལྷུན་གྲུབ་སོགས་ཀྱི་རྟེན་འབྲེལ་དུ་ལས་བཞི་ལས་རྒྱས་པའི་ལས་ཀྱི་ཆ་བྱད་ལྟར་བཀོད་པ་ཐུན་མོང་མངོན་གསལ་དུ་མཐོང་ངོ་། ། 


བཞི། ཨ་མྱེས་སྲིན་པོའི་གསོལ་མཆོད་ཀྱི་སྐོར། 


སྐྱེས་ལྷ་གཉན་པོ་འདིའི་གསོལ་མཆོད་ཀྱི་སྐོར་ལ་ཁྲི་ཀ་གོང་འོག་ཏུ་བྱོན་པའི་སྦས་པའི་རྣལ་འབྱོར་པ་མང་པོ་དང་། བླ་མ་སྐྱེས་ཆེན་རིམ་བྱོན། ཡུལ་མི་རྒན་པོའི་ངག་རྒྱུན་དུ་འབྱམས་པའི་བསང་མཆོད་ཤིན་ཏུ་མང་ཡང་བྲག་དཀར་སྔགས་རམས་པ་བློ་བཟང་བསྟན་པ་རབ་རྒྱས་ཀྱིས་མཛད་པའི་བསང་ཡིག་ལས་གཞན་རྣམས་ལ་ཟུར་རེ་འགའ་ཙམ་མ་གཏོགས་མི་འདྲ་བའི་ཁྱད་པར་ཆེན་པོ་མ་མཐོང་བས། འདིར་བསང་མཆོད་ཀུན་ལས་གྲགས་ཆེ་ཞིང་སྦྱོར་དངོས་རྗེས་གསུམ་ཆ་ཚང་བ། ཨ་མྱེས་སྲིན་པོའི་བསང་མཆོད་ཀུན་གྱི་གཞི་འཛིན་སར་གྱུར་པའི་བྲག་དཀར་སྔགས་རམས་པའིཁྲི་ཀ་སྲིན་པོ་རི་བདུད་འདུལ་གཏུམ་པོ་འཕྲོག་བྱེད་ལ་བསང་མཆོད་འབུལ་བའི་ཆོ་ག་བསམ་དོན་ལྷུན་གྲུབགྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་དཀྱུས་སུ་བཟུང་ཞིང་། ཡབ་རྗེ་གསེར་ཁང་བ་བློ་བཟང་བསྟན་འཛིན་རྒྱ་མཚོས་གླིང་ཚའི་མཚར་ལུང་ཕུ་ནས་མེ་ཏོག་བཅུད་ལེན་ལ་བཞུགས་སྐབས་སྐྱེས་ལྷ་གང་གི་ཞལ་མངོན་སུམ་དུ་གཟིགས་པ་བཞིན་མཛད་པའིཨ་མྱེས་སྲིན་རྒན་པད་མ་དབང་སྡུད་ཀྱི་གསོལ་མཆོདདང་། ལྷ་རི་མཆོག་སྤྲུལ་བློ་བཟང་ཚུལ་ཁྲིམས་རྒྱ་མཚོས་མཛད་པའིཨ་མྱེས་སྲིན་པོའི་བསང་མཆོདགཉིས་ཀྱིས་ཟུར་བརྒྱན་ནས་ཅུང་ཟད་གླེང་བར་མོས་སོ། །
བྲག་དཀར་སྔགས་རམས་པའིབསང་ཡིག་བསམ་དོན་ལྷུན་གྲུབལས“ན་མོ་གུ་རུ་བཛྲདྷ་ར་ཡ། དབང་ཕྱུག་བརྒྱད་ལྡན་ཀུན་བཟང་ཧེ་རུ་ཀ །པཎ་གྲུབ་གར་གྱི་རོལ་བ་པདྨ་འབྱུང་། །དབྱེར་མེད་བཀའ་དྲིན་གསུམ་ལྡན་བླ་མ་ལ། །གུས་པས་བཏུད་ནས་བསང་མཆོད་ཆོ་ག་བྲི། །”ཞེས་རང་རེ་གངས་ཅན་པའི་ལུགས་སྲོལ་བཞིན་ལས་ཅི་མཛད་ཀྱི་ཐོག་མར་བླ་མར་མཆོད་པ། བླ་མར་འདུད་པ། བླ་མར་གུས་པ་བྱས་ཏེ། ཁྲི་ཀ་སྲིན་པོ་རིའི་བསང་མཆོད་མཛད་པ་ལ་རྩོམ་པ་མཐར་ཕྱིན་པའི་སླད་དུ་དམ་བཅས་པ་དང་། སྟ་གོན་གྱི་རིམ་པ་སྟེ་བསང་རྫས་སོགས་རིམ་པར་བཤམས་རྗེས། སྐྱབས་འགྲོ་སེམས་བསྐྱེད་སོགས་སྔོན་དུ་སོང་ནས་ཚད་མེད་བཞི་བསྒོམ། འགྲོ་བ་སེམས་ཅན་ཐམས་ཅད་ལ་སྙིང་རྗེ་དྲག་པོའི་སྒོ་ནས་བསྔོས་ཤིང་། ཕྱག་རྒྱ་དྲུག་གིས་བྱིན་གྱིས་བརླབས་ཤིང་། བོན་པོའི་འགྱིང་དབྱངས་དང་། སྔགས་པའི་གྱེར་དབྱངས། བནྡེ་འདུར་དབྱངས་བཅས་གང་རུང་གིས་བསང་མཆོད་དངོས་ཀྱི་འགོ་རྩོམ་པ་སྟེ། “ཀྱེེ གར་བཞུགས་བདེ་བ་ཆེན་པོའི་ཕོ་བྲང་ནས། །སངས་རྒྱས་ཀུན་དངོས་རིག་འཛིན་པདྨ་འབྱུང་། །སྤྲུལ་བ་ཡང་སྤྲུལ་དཔའ་བོ་མཁའ་འགྲོར་བཅས། །རྫུ་འཕྲུལ་ཐུགས་རྗེའི་དབང་གིས་གནས་འདིར་བྱོན། །མདུན་དུ་པད་སྡོང་འདབ་བརྒྱ་རྒོད་པའི་རྩེར། །སེང་ཁྲི་པད་མ་ཉི་ཟླའི་གདན་ཁྲི་ལ། །སྣང་བ་མཐའ་ཡས་རྒྱལ་དབང་པདྨ་འབྱུང་། །མགོན་དེའི་ཐུགས་སྤྲུལ་དཔལ་ལྡན་མར་མེ་མཛད། །ཡང་སྤྲུལ་དབང་ཕྱུག་བརྒྱད་ལྡན་བློ་བཟང་གྲགས། །གཡས་ན་དཔའ་བོའི་གར་གར་བྲོ་ཆེམས་སེ་ཆེམས། །གཡོན་ན་དཔའ་མོའི་ཉམས་གླུ་ཀྱུ་རུ་རུ། །རིག་འཛིན་རྩ་བརྒྱུད་བླ་མའི་ཚོགས་ཀྱིས་བསྐོར། །ཡི་དམ་ལྷ་ཡི་དངོས་གྲུབ་ཆར་བཞིན་འབེབས། །དབང་གཞུ་ལྟར་བཀྲའི་འཇའ་ཚོན་གུར་ཁང་དབུས། །ཞབས་ཟུང་རྡོ་རྗེའི་རང་བཞིན་བརྟན་པར་བཞུགས། །ཧྲཱིཿཞིང་མཆོག་རིག་འཛིན་རྩ་བརྒྱུད་བླ་མ་དང་། །དངོས་གྲུབ་འབྱུང་གནས་ཡི་དམ་མཁའ་འགྲོ་ལ། །ཕྱག་འཚལ་ཕྱི་ནང་གསང་བའི་མཆོད་པ་འབུལ། །ཐུགས་རྗེ་འགྲོ་བའི་དོན་ཕྱིར་བཞེས་སུ་གསོལ། །ཀྱེ འཛམ་གླིང་བརྟན་མ་ཡུལ་ལྷ་གཞི་བདག་རྣམས། །པདྨ་རྒྱལ་པོའི་བཀའ་ལས་མི་འདའ་བར། །བདག་ཅག་བསམ་དོན་ལྷུན་གྱིས་གྲུབ་པ་དང་། །བློ་བཟང་རྒྱལ་བའི་མཛད་འཕྲིན་དར་རྒྱས་མཛོད། །”ཞེས་སྤྱིར་སློབ་དཔོན་པདྨ་འབྱུང་གནས། དཔལ་མར་མེ་མཛད་ཡེ་ཤེས། རྗེ་བློ་བཟང་གྲགས་པ་སོགས་དངོས་བརྒྱུད་བླ་མ་ཐམས་ཅད་སྤྱན་འདྲེན་པ་དང་། འཕྲིན་ལས་བཅོལ་ཞིང་། “ཀྱེ འཛམ་གླིང་བྱང་ཕྱོགས་མདོ་སྨད་ཤར་གྱི་ཆ། །མཐོ་རིའི་དཔལ་སྟེར་ཕུན་ཚོགས་ཡུལ་གྲུ་ཆེ། །དལ་འབབ་རྨ་ཀླུང་ཆུ་བོའི་འགྲམ་ཤེད་ན། །ཕྱོགས་བྲལ་མཚན་གསོལ་ཁྲི་ཀ་སྲིན་པོ་རི། །རྩེ་མོ་མངོན་མཐོ་དཀར་གསལ་མཁའ་ལ་སྙེགས། །རྩ་བ་རབ་རྒྱས་འཛིན་མའི་ཁྱོན་ཀུན་ཁྱབ། །སྐེད་པ་ལྷུན་སྟུག་སྤང་བྲག་ནགས་ཀྱིས་བརྒྱན། །ཕྱི་བལྟས་ས་འཛིན་མཐོར་བརྩེགས་བརྟན་ཅིང་བརྗིད། །ནང་བལྟས་དྭངས་གསལ་མཛེས་པའི་གཞལ་ཡས་ཁང་། །རིན་ཆེན་འོད་འབར་ཁྲ་བཀོད་གདན་ཁྲི་ལ། །གཞི་བདག་ཆེན་པོ་ཡབ་ཡུམ་བློན་འབངས་རྣམས། །ཡུལ་ཕྱོགས་སྲུང་སྐྱོབ་འཚོ་སྐྱོང་ཚུལ་དུ་བཞུགས། །ཀྱེགང་གི་བཀའ་ལུང་མི་འགྱུར་རྡོ་རྗེའི་ཁུར། །སྣང་སྲིད་དྲེགས་པའི་གཙུག་ན་ངལ་གསོ་བ། །གྲུབ་དབང་ཆེན་པོ་པདྨ་ཐོད་ཕྲེང་རྩལ། །བློ་བཟང་རྒྱལ་བ་གཉིས་པ་ཡབ་སྲས་སོགས། །བྱང་སེམས་རྡོ་རྗེ་འཛིན་པའི་ཚོགས་རྣམས་ཀྱིས། །བསྟན་དང་བསྟན་འཛིན་སྐྱོང་བར་བཀའ་བསྒོས་བཞིན། །སངས་རྒྱས་བསྟན་པ་སྲུང་བའི་མཐུ་རྩལ་ཅན། །རྣལ་འབྱོར་མཐུན་རྐྱེན་སྒྲུབ་པའི་དམ་ཚིག་ཅན། །རྨ་ཆེན་བཀའ་བློན་སྲིན་པོ་གསེར་ཁྲབ་ཅན། །བདུད་འདུལ་གཏུམ་པོ་འཕྲོག་བྱེད་གཉན་གྱི་རྗེ། །དཀར་ཕྱོགས་སྐྱོང་ལྷ་རྒྱལ་དགེ་བསྙེན་ཆེ། །གཞི་བདག་ཆེན་པོ་འཁོར་བཅས་གནས་འདི་རུ། །དད་དང་དམ་ཚིག་དབང་གིས་སྤྱན་འདྲེན་ན། །དགྱེས་བཞིན་བརྩེ་བའི་ཐུགས་ཀྱིས་ཉེར་དགོངས་ནས། །མཁའ་ལ་ཆར་སྤྲིན་རླུང་གིས་བསྐྱོད་པ་བཞིན། །ཐོགས་མེད་འཕྲིན་ལས་བསྒྲུབ་ཕྱིར་གཤེགས་སུ་གསོལ། །ཀྱེ  རང་གི་མདུན་དུ་ཆར་སྤྲིན་ཕུང་བོའི་དབུས། །ཡིད་འཕྲོག་འཇའ་འོད་འཁྲིགས་པའི་གཞལ་ཡས་ནང་། །རིན་ཆེན་རྒྱན་ལྡན་རྟ་མཆོག་བཞོན་པའི་སྟེང་། །འབྲོག་གནས་ལྷ་ཡི་དགེ་བསྙེན་གཞི་ཡི་བདག །དཀར་གསལ་ཞི་སྒེག་དཔའ་བརྗིད་ཉམས་དང་ལྡན། །ཕྱག་གཡས་མདུང་དར་འཕྱར་ཞིང་གཡོན་པ་ནི། །རྨ་གཡང་བཅུད་བཀང་ནོར་གཞོངས་ཞགས་པ་འཛིན། །སྐུ་ལ་གསེར་ཁྲབ་དབུ་ལ་རྨོག་ཞུ་གསོལ། །ཞབས་ལ་སག་ལྷམ་རྐེད་ལ་སྟག་རལ་དང་། །གཟིག་ཤུབས་མདའ་གཞུ་དཔའ་བོའི་ཆས་ཀྱིས་སྤྲས། །མཆེད་ལྕམ་སྨན་མོ་ལྷ་ཀླུ་གཞི་བདག་བཅས། །དགྱེས་པའི་གར་གྱིས་མི་གཡོ་བརྟན་པར་བཞུགས། །”ཞེས་དང་། ལྷ་རི་མཆོག་སྤྲུལ་བློ་བཟང་ཚུལ་ཁྲིམས་རྒྱ་མཚོའི་བསང་ཡིག་ལས། “སྔོན་ཚེ་དུས་གསུམ་རྒྱལ་བའི་སྤྱན་སྔ་རུ། །བསྟན་དང་བསྟན་འཛིན་རྣལ་འབྱོར་བུ་བཞིན་དུ། །སྐྱོང་བར་ཞལ་བཞེས་རྨ་གཉན་བཀའ་བློན་མཆོག །ལྷ་ཆེན་གཏུམ་པོ་བདུད་འདུལ་གསེར་ཁྲབ་ཅན། །སྐུ་མདོག་དཀར་པོ་ཕྱག་གཡས་མདུང་དར་འཕྱར། །གཡོན་པས་ནོར་གཞོང་རིན་ཆེན་གང་བ་འཛིན། །དབུ་ལ་གསེར་ཞྭ་ཞབས་ལ་སག་ལྷམ་གྱོན། །སྐེད་ལ་དཔའ་ཆས་སྟག་རལ་གཟིག་ཤུབས་འཛིན། །གསེར་སྒ་རིན་ཆེན་གསེར་མཐུར་གྱིས་སྤྲས་པའི། །རྟ་མཆོག་ངང་བ་རྫུ་འཕྲུལ་ཤུགས་ལྡན་ཆིབས། །འཁོར་དུ་བཀའ་གཉན་གསེར་ཁྲབ་གསེར་རྨོག་ཅན། །སྣ་ཚོགས་མཚོན་ཐོགས་རྟ་ཞོན་སྟོང་གིས་བསྐོར། །གཞན་ཡང་མཆེད་ལྕམ་ལྷ་ཀླུ་སྨན་མོ་སོགས། །སྤྱན་འདྲེན་འདིར་གཤེགས་མདུན་གྱི་ནམ་མཁར་བཞུགས། །”ཞེས་དང་། ཡབ་རྗེ་གསེར་ཁང་བས་མཛད་པའིཨ་མྱེས་སྲིན་རྒན་པད་མ་དབང་སྡུད་ཀྱི་གསོལ་མཆོདལས། “ཀྱཻ།  སྔོན་གྱི་བསྐལ་བ་དང་པོ་ལ། །དུས་གསུམ་སངས་རྒྱས་སྤྱན་སྔ་རུ། །བསྟན་པ་སྲུང་བའི་གཞི་བདག་ཆེ། །བདུད་འདུལ་གཏུམ་པོ་འཕྲོག་བྱེད་ཆེ། །ཡུལ་ས་ཀུན་གྱི་རྒྱལ་བོ་ནི། །རིག་འཛིན་ཀུན་གྱི་བཀའ་སྲུང་ཡིན། །རྣལ་འབྱོར་ཀུན་གྱི་ཆོས་སྐྱོང་ཡིན། །སངས་རྒྱས་བསྟན་པ་བསྲུང་བའི་ཕྱིར། །ཁྱེད་ཀྱི་རྫུ་འཕྲུལ་བསམ་མི་ཁྱབ། །ལྷོ་ཕྱོགས་སྲིན་པོའི་ཁ་གནོན་མཛད། །གསེར་ཁྲབ་སེར་པོ་ལུས་ལ་གྱོན། །དབུ་ལ་གསེར་གྱི་མོག་ཞྭ་མནབས། །ཕྱག་ན་རྦ་ལྕག་སེར་པོ་ཕྱར། །བཅིབས་སུ་ངང་བ་སེར་བོ་ཆིབས། །གསེར་ཁྲབ་གཡུ་མཐུར་སི་ལི་ལི། །གསེར་འོད་སྒ་སྟན་ལྷབ་སེ་ལྷབ། །གསེར་སྒ་སེར་བོ་བང་སེ་བང་། །གསེར་གྱི་ཡོབ་ཆེན་ཁྲ་ལ་ལ། །མུ་ཏིག་གོང་རྨེད་ཀྱིག་སེ་ཀྱིག །སྲིན་པོ་ཐམས་ཅད་ཟིལ་གྱིས་གནོན། །གསེར་གྱི་ཁྲབ་ཅན་སྟོང་གིས་བསྐོར། །ཁྱེད་ལ་གང་མཆོད་རྣམས་ཀྱི་མགོན་སྐྱབས་ཡིན། །མཆོད་པའི་གནས་འདིར་གཤེགས་སུ་གསོལ། །”ཞེས་བྱེ་བྲག་ཏུ་སྐྱེས་ལྷ་ཨ་མྱེས་སྲིན་པོ་སྐུའི་ཆ་བྱད་ཐུན་མོང་དུ་བཀོད་དེ་སྤྱན་དྲངས་པ་དང་། དེ་ནས་ཨ་མྱེས་སྲིན་པོར་བསྟོད་པ་ཕུལ་ཞིང་འཕྲིན་ལས་བཅོལ་བ། དངོས་གྲུབ་ཞུ་བའི་ཚུལ་ནི། “ཁྱོད་ནི་ལྷ་དང་བླ་དཔོན་རྣམ་འཕྲུལ་གྱིས། །རྟ་དཀར་བཅིབས་ཤིང་ཞི་བའི་འཁོར་གྱིས་བསྐོར། །ཞི་དུལ་ལྷ་ཡི་ཚུལ་གྱི་དངོས་གྲུབ་སྩོལ། །ཞི་བའི་ལས་མཛད་ལྷ་ཆེན་ཁྱོད་ལ་བསྟོད། །གསེར་ཁྲབ་གསོལ་ཞིང་གསེར་རྟ་ངང་བ་བཅིབས། །གསེར་གྱི་ཁྲབ་ཅན་སྟོང་གི་འཁོར་དང་བཅས། །འབྲོག་ནས་གནོད་སྦྱིན་ཚུལ་གྱིས་དངོས་གྲུབ་སྟེར། །རྒྱས་པའི་ལས་མཛད་འབྲོག་ནས་ཁྱོད་ལ་བསྟོད། །པད་རག་ལྟར་དམར་བསེ་རྨོག་བསེ་ཁྲབ་གྱོན། །མདུང་དམར་བསམ་འཕེལ་དབང་རྒྱལ་ཕྱག་ན་བསྣམས། །ཅང་ཤེས་ཁམ་པ་རླུང་གཤོག་ཆིབས་སུ་བཅིབས། །དབང་གི་ལས་མཛད་ཁྱོད་ལ་བདག་བསྟོད་དོ། །བེར་ནག་གྱོན་ཞིང་རུ་དར་མཚོན་ཆ་ཐོགས། །རྟ་ནག་བཅིབས་ཤིང་བདུད་དཔུང་འཁོར་གྱིས་བསྐོར། །དགྲ་ལྷའི་ཚུལ་གྱིས་དགྲ་བགེགས་ཕྱེ་མར་འཐག །དྲག་པོའི་ལས་མཛད་སྲུང་མ་ཁྱོད་ལ་བསྟོད། །དེ་ལྟར་བླ་མ་ཡི་དམ་སྐྱབས་འོག་ནས། །གཞི་བདག་བདུད་འདུལ་གཏུམ་པོ་འཁོར་བཅས་ལ། །བསང་སོགས་མཆོད་གཏོར་གཏང་རག་བགྱིས་པ་ཡིས། །བདག་ཅག་གཞི་ལམ་བྱེས་གསུམ་གང་དུ་ཡང་། །མི་མཁས་ལས་དང་བྱ་བ་ཅི་བྱེད་ཀྱང་། །སྐོ་ལོང་དུ་ང་ཕྲག་དོག་མི་བྱེད་པར། །རྟག་དུ་མགོན་སྐྱབས་དཔུང་གཉེན་སྡོངས་གྲོགས་དང་། །བསམ་པའི་དོན་རྣམས་ལྷུན་གྱིས་འགྲུབ་པར་མཛོད། །”[23]ཅེས་དང་། “སྲིན་པོ་ལ་སོགས་ཟིལ་གྱིས་གནོན། །བདུད་འདུལ་ས་བདག་ཀླུ་གཉན་བསངས། །བསང་དང་མཆོད་པ་འདི་བཞེས་ལ། །ཁྱེད་རྣམས་མཉེས་ཤིང་ཚིམ་གྱུར་ནས། །བཅོལ་བའི་འཕྲིན་ལས་འགྲུབ་པར་མཛོད། །  ཧྲཱིཿ  སྐྱབས་གསུམ་ངོ་བོ་བླ་མའི་སྐྱབས་འོག་ནས། །ཡི་དམ་ལྷ་ཡིས་བྱིན་རླབས་སྲུང་མ་ཡིས། །དེ་རིང་རྣལ་འབྱོར་བདག་གི་དགྲ་ལྷ་མཛོད། །འཇིག་རྟེན་འདས་དང་མ་འདས་དགྲ་ལྷ་བསྟོད། །བསྟོད་དོ་མཐུ་རྩལ་བསྐྱེད་ལ་རུ་མཚོན་ཕྱོར། །དགྲ་ལྷ་གཉན་པོ་སྐད་ཅིག་མ་འབྲལ་བར། །འགྲོ་འམ་འདུག་ཀྱང་ཁ་འཛིན་རྒྱབ་རྟེན་མཛོད། །མ་གཡེལ་དྲན་པ་རྩུབ་མོས་འགོག་པའི་འཕྲིན་ལས་བསྒྲུབས། །ཕྱོགས་བཅུའི་ཞིང་ནས་ཕུན་ཚོགས་གཡང་ཆགས་རྣམས། །ཐམས་ཅད་དེ་རིང་འདི་རུ་གཡང་ལ་བྱོན། །བླ་མ་ཡི་དམ་སྲུང་མའི་ཚོགས་རྣམས་ཀྱིས། །བཀྲ་ཤིས་བདེ་ལེགས་དངོས་གྲུབ་ཐམས་ཅད་སྩོལ། །  ཀྱཻ།   འདིར་བྱོན་མགྲོན་རིགས་ལྷ་ཚོགས་རྣམས། །མཆོད་པའི་མཉེས་ནས་དངོས་གྲུབ་སྩོལ། ། ”ཞེས་དང་། སླར་གཤེགས་གསོལ་གྱི་རིམ་པ་ནི། “ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ། །རང་རང་གནས་སུ་གཤེགས་ནས་ཀྱང་། །སླར་ཡང་འབྱོན་པར་མཛད་དུ་གསོལ། །”ཞེས་དང་། “འདིར་བྱོན་མགྲོན་རིགས་ལྷ་ཚོགས་རྣམས། །མཆོད་པས་མཉེས་ནས་དངོས་གྲུབ་སྩོལ། །སླར་ཡང་འབྱོན་ལ་དེའི་རིང་དུ། །འཇིག་རྟེན་འདས་པའི་མགྲོན་རིགས་རྣམས། །རང་རང་སོ་སོའི་གནས་སུ་གཤེགས། །”[26]ཞེས་བརྗོད་པ་དང་། “ཀྱེ བྱིན་རླབས་དངོས་གྲུབ་མ་ལུས་འབྱུང་བའི་གནས། །རིག་འཛིན་བླ་མ་ཡི་དམ་བཀྲ་ཤིས་ཤོག །རབ་འབྱམས་འཕྲིན་ལས་མཐའ་དག་སྒྲུབ་མཛད་པའི། །བསྟན་སྲུང་དམ་ཅན་རྒྱ་མཚོའི་བཀྲ་ཤིས་ཤོག །མི་མཐུན་རྐྱེན་སེལ་མཐུན་རྐྱེན་ཀུན་སྒྲུབ་པའི། །ཡུལ་ལྷ་གཞི་བདག་ཚོགས་ཀྱི་བཀྲ་ཤིས་ཤོག །སྲིད་དང་ཞི་བའི་ལེགས་ཚོགས་འབྱུང་བའི་གཞི། །རྒྱལ་བསྟན་དར་ཞིང་རྒྱས་པའི་བཀྲ་ཤིས་ཤོག །”ཅེས་ཤིས་བརྗོད་ཀྱིས་མཐར་བརྒྱན་ཏེ་གྲུབ་པར་བྱས་ཡོད་པས། བྲག་དཀར་སྔགས་རམས་པས་མཛད་པའི་བསང་ཡིག་འདིར་བོད་ཀྱི་རྩོམ་རིག་ལས་བསྟོད་རྩོམ་གྱི་ཁྱད་ཆོས་འབུར་དུ་ཐོན་ཡོད་དེ། བསྟན་བཅོས་ཆེན་པོ་ལ་འཇུག་པའི་སྒོ་དང་དེའི་ཡན་ལག་མཐའ་དག་འདུས་ཤིང་། སྐྱེས་ལྷ་གང་ལ་བསྟོད་མཁན་གྱིས་དང་དད་སྤྲོ་གསུམ་གྱི་བརྩེ་བ་ལྷད་མེད་ཀྱིས་ཕྱུག་ཡོད། གཞན་ཨ་མྱེས་སྲིན་པའི་སྐུའི་ཆ་བྱད་ཞིབ་བརྗོད་བྱེད་དུས་ཀྱང་ཁྱད་དུ་མཚར་བའི་བསམ་པའི་བློས་བསླངས་དང་། ཤུགས་དྲག་པའི་ཚོར་འདུ། རྟོག་པ་འཆར་ཡན་གྱི་རྣམ་པས་བསྟོད་ཡུལ་གྱི་ཕྱིའི་རྣམ་པ་དང་གཉུག་གཤིས་སོགས་མིག་ལམ་དུ་ནར་མར་སྦྱིན་འོངས་པའི་བསྟོད་རྩོམ་ཀུན་ལས་མཆོག་དང་རབ་ཏུ་གྱུར་ཡོད་དོ། །

Triga ཡུལ་ལྷ གཞི་བདག

Contents

About

Collection Modern Writing from Qinghai Province
Visibility Public - accessible to all site users (default)
Author གླིང་ཚ་སྙིང་རྒྱལ་འབུམ།
Year published 2021
Language Tibetan
Places
Terms