མདོ་སྨད་ཁྲི་ཀའི་ཇོ་ཇོ་ལྷ་ཁང་།

མདོ་སྨད་ཁྲི་ཀའི་ཇོ་ཇོ་ལྷ་ཁང་།

 

ཁྲི་ཀ     ཚེ་ལོ་ཐར།

ཁྲི་ཀའི་ཡུལ་གྱི་བྱིན་རླབས་ཅན་གྱི་རྟེན་བཞིའི་ཡ་གྱལ། ལྷ་སའི་ཇོ་བོ་ཡིད་བཞིན་ནོར་བུ་དང་བྱིན་རླབས་མཉམ་པར་གྲགས་པའི་ཇོ་ཇོ་ལྷ་ཁང་ནི་ཁྲི་ཀ་རྫོང་མཁར་ནས་ཤར་ཕྱོགས་སུ་སྤྱི་ལེ་གཉིིས་ཀྱིས་ཆོད་པའི་སར་བཞེངས་ཡོད། གྲུབ་མཐའ་དགེ་ལུགས་པ་དང་གོང་བ་གྲྭ་ཚང་གི་ཁོངས་གཏོགས་ཡིན།

མདོ་སྨད་ཆོས་འབྱུང་དུ། ལྷ་ཁང་འདི་དང་པོར་ཆོས་རྗེ་ལྷུན་གྲུབ་རྒྱ་མཚོས་བཞེངས་པའི་ལོ་རྒྱུས་སྣང་ཞེས་འབྱུང་ཡོད། ལོ་རྒྱུས་ཡོངས་གྲགས་སུ༡༢༤༦ལོར་ས་པཎ་མཆོག་གོ་དན་རྒྱལ་བོའི་གདན་དྲངས་བ་ལྟར་ཧོར་ཡུལ་དུ་ཕེབས་དུས་ཁྲི་ཀར་བྱོན་ཏེ་མི་ཉག་མཆོད་རྟེན་འདིར་རབ་གནས་མཛད། གཞན་རྟེན་བྱིན་ཅན་ཇོ་ཇོ་ལྷ་ཁང་འདིའི་རྟེན་དང་བརྟེན་པ་ཡོངས་བསྐྱར་གསོ་བྱས། རབ་གནས་མཛད་དུས་ཐུབ་སྐུ་ལ་སངས་རྒྱས་བྱང་སེམས་མང་པོ་ཐིམ་པའི་གཟིགས་སྣང་སྣ་ཚོགས་ཤར།

   རྟེན་གྱི་གཙོ་བོ་ལ་སྨན་འདམ་ལས་གྲུབ་པའི་ཐུབ་དབང་གི་སྐུ་ཆེ་བ་བཞུགས་ཤིང་། སྐུ་བྱིན་ཅན་འདི་ཉིད་ཤཱཀྱའི་རྒྱལ་པོ་དགུང་ལོ་བཅུ་གཉིས་ཀྱི་སྐུ་ཚད། འདི་ལ་ཕྱིས་སུ་མི་ཉག་སྐུ་ཕྲེང་གསུམ་པ་ཚུལ་ཁྲིམས་བསྟན་པའི་ཉི་མས་གསེར་ཟངས་ཀྱི་དབུ་རྒྱན་ཕུལ་ཏེ་དཀར་ཆག་བརྩམས་ཤིང་ལྷ་ཁང་ལ་གཉྫི་ར་དང་བཅས་བསྐྱར་བཞེངས་མཛད་པར། དགེ་བའི་བཤེས་གཉེན་ཨ་ཡག་ཤེས་རབ་དབང་ཕྱུག་གིས་རབ་གནས་མཛད། དུས་འགྱུར་གྱི་སྐབས་སྐུ་གསུང་ཐུགས་རྟེན་ཐམས་ཅད་བཤིགས་ཤིང་ལྷ་ཁང་ཉམས་དམས་སུ་བཟོས།

   རྗེས་སུ་ཆོས་ལུགས་དད་མོས་ཀྱི་སྲིད་ཇུས་ལག་བསྟར་བྱས་རྗེས། ཕྱོགས་སོ་སོའི་ཆོས་དད་མང་ཚོགས་ཀྱི་ཞལ་འདེབས་དང་སྲིད་གཞུང་གིས་མཐུན་རྐྱེན་སྦྱར་ཏེ་རྟེན་དང་བརྟེན་པ་ཡོངས་བསྐྱར་བཞེངས་མཛད།

   རྟེན་མཆོག་འདི་ནི་ནམ་ཡང་སྐལ་ལྡན་ཀུན་གྱིས་བསོད་ནམས་བསགས་པའི་མཆོད་སྡོང་དང་ཐུབ་བསྟན་ཉི་མའི་མཚན་དཔེའི་འབར་ཞིང་ཕྱོགས་ཀུན་རྒྱས་བའི་འབྱུང་གནས་སུ་བཀུར་བཞིན་ཡོད།

Monasteries Triga ཇོ་ཇོ་ལྷ་ཁང

Contents

About

Collection Modern Writing from Qinghai Province
Visibility Public - accessible to all site users (default)
Author ཚེ་ལོ་ཐར།
Year published 2021
Language Tibetan
Subjects
Places
Terms