སྒོ་མེ་ཚོ་དྲུག་ཡ་གྱལ་རོང་སྡེ་ཆུ་བཟང་གི་མཆེད་ཁུངས་དང་ཆུ་བཟང་ཞེས་པའི་མིང་གི་ཐོགས་ཚུལ་མདོ་ཙམ་གླེང་བ།

སྒོ་མེ་ཚོ་དྲུག་ཡ་གྱལ་རོང་སྡེ་ཆུ་བཟང་གི་མཆེད་ཁུངས་དང་ཆུ་བཟང་ཞེས་པའི་མིང་གི་ཐོགས་ཚུལ་མདོ་ཙམ་གླེང་བ།

 

ཁྲི་ཀ   ཆུ་བཟང་པདྨ་ཚེ་རིང་།

ནང་དོན་གནད་བསྡུས།དཔྱད་རྩོམ་འདིར་སྒོ་མེ་ཚོ་དགུའི་ཡ་གྱལ་རོང་སྡེ་ཆུ་བཟང་ནི་བ་ཡན་ནང་སྟོད་ནས་ཆད་འོང་སྟེ་དཀར་བརྗིད་དཔོན་ཚང་གི་གླ་དཀྱུས་སུ་གྱུར་ཚུལ་དང་། དཔོན་ཚང་གིས་གནས་དེར་བཀོད་སྒྲིག་བྱས་ཏེ་སའི་ཁྱབ་ཁོངས་གཏན་འབེབས་གནང་སྟེ། རིམ་གྱིས་རུ་ཁག་ལྔ་ཡོད་པའི་སྡེ་ཆེན་ཞིག་ཏུ་ཇི་ལྟར་གྲུབ་ཚུལ་དང་། ཆུ་བཟང་ཞེས་པའི་མིང་གི་ཐོགས་དོན་སོགས་གླེང་ཡོད་དོ། །

བརྡ་ཆད་གཙོ་བོ། མིང་བརྡ་གཙོ་བོ། སྒོ་མེ། ཆུ་བཟང་།

ས་སྒོ་མེ་དང་གནམ་སྒོ་མེ་ཞེས་སྙན་པའི་བ་དན་རིང་མོ་མདོ་ཁམས་སྨད་ན་གཡོ་པའི་ཤར་ལྕང་རའི་ཤིང་སྒོ་ཡན་ཆད་དང་། ནུབ་དབུས་ཉག་ཆེན་དང་ཆུ་སྔོན་ཆུ་བོའི་མན་ཆད་ཀྱི་འགྲོ་བ་ཀུན་གྱི་མིག་གི་ལོངས་སྤྱོད་དང་ངག་གི་བསྟོད་ཡུལ་དུ་གྱུར་པའི་སའི་ཁོངས་གཏོགས་རོང་སྡེ་ཕྲ་མོ་ཆུ་བཟང་ཞེས་འབོད་པའི་ཡུལ་འདི་ལ་ཤར་རྒན་ཀྱཱ་ནག་མགོ་ནས་བྱང་བྱང་ཆུབ་ཉག་ཆེན་ཚུན་ཆད་དང། ལྷོ་ཨ་མྱེས་སྒང་ནས་ལུང་ཕྲན་ཉག་ཆེན་ཡན་ཆད། ནུབ་ར་ཡས་ཉག་ག་དང་གཙུག་ཏོར་སྒང་ནས་ལྔ་གདོང་ལམ་སྐྱོག་ཚུན་ཆད། བྱང་བྲག་དཀར་ནས་འུག་ལུང་མན་ཆད་ཀྱི་སའི་ཁྱབ་ཁོངས་ཡོད་ལ། སྟོད་ན་གངས་རི་དཀར་པོ་དང་བར་ན་ནགས་རི་ཕྱུག་མོ། སྨད་ན་རོང་སྡེ་ཕྲ་མོ་སོགས་ཡོད་ཅིང། གསོམ་སྡོང་དང་ཤུག་སྡོང་གཙོ་བྱས་པའི་ལྗོན་ཤིང་སྣ་ཚོགས་དང་། དབྱར་རྩྭ་དགུན་འབུ་གཙོ་བྱས་པའི་སྨན་རྩྭ་སྣ་ཚོགས། མེ་ཏོག་གསེར་ཆེན་གཙོ་བྱས་པའི་མེ་ཏོག་སྣ་ཚོགས། རམ་དཀར་རྩྭ་མཆོག་གཙོ་བྱས་པའི་རྩྭ་རིགས་སྣ་ཚོགས་ཀྱང་སྐྱེས་ཡོད་ལ། གཞན་ཡང་གླ་བ་དང་གནའ། སྟག་མ་གཟིག་སོགས་ཀྱི་རི་དྭགས་ཀྱང་མང་པོ་ཡོད་པ་མ་ཟད་། ད་དུང་གོང་མོ་དང་རྫ་ཏི་གོང་མོ། འཇོལ་མོ་སོགས་ཀྱི་བྱ་རིགས་སྣ་ཚོགས་ཀྱང་ཡོད། གཡང་ལུང་དང་བླ་རྒན་ལུང་བ་གཉིས་ཀྱི་གཙང་ཆབ་སྔོན་མོའི་བཞུར་རྒྱུན་དེ་ཡང་ལྷའི་ཡུལ་ནས་མི་ཡུལ་ལ་ཆེད་དུ་དྲངས་པ་ལྟ་བུའི་དར་དཀར་རིང་མོ་གཉིས་དང་འདྲ་བར་རང་སྡེ་ཕྲ་མོའི་མི་ཕྱུགས་ཞིང་གསུམ་གྱི་གསོས་སུ་འབབ་པ་བཅས་ཀྱི་ཡུལ་གྱི་དགེ་མཚན་མ་ལུས་ཡོངས་སུ་ཚང་ཞིང་སྙན་པའི་གྲགས་པ་ཕྱོགས་བཞིར་ཁྱབ། ཡུལ་གྲུ་འདིའི་ཆགས་ཚུལ་ནི་སྟོད་ན་ཨ་མྱེས་བྲག་དཀར་དང་ཨ་མྱེས་བླ་རྒན། ཨ་མྱེས་དཀར་རི་རྣམ་གསུམ་ས་དགེ་རྙིང་གི་བླ་ཆེན་ཁྲི་ལ་བཞུགས་འདྲ་དང་། ལོགས་ཀྱི་ལྔ་གདོང་དང་གཙུག་ཏོར་རྣམ་གཉིས་གཅིག་མཐོ་གཅིག་དམའ་ཡིན་ཚུལ་འཁོར་ལྔ་སྡེའི་དྲུང་ན་འགྲོ་བ་མ་ལུས་ཀྱིས་ཟབ་མོའི་ཆོས་ལ་ཉན་འདྲ། མདུན་གྱི་རི་རྒོད་སྒང་ཡང་གླང་ཆེན་ཞིག་བྲེ་ནས་བཞེངས་པ་དང་མཚུངས་པར་ཀུན་གྱི་མིག་དབང་འཕྲོག ཤར་གྱི་བྱང་ཆུབ་རི་རྒྱུད་ནི་གོང་མ་ཆེན་པོའི་ཕོ་བྲང་གི་ལྕགས་རིའི་གཞོགས་གཅིག་བླངས་ནས་གནས་འདིར་བཀོད་པ་དང་འདྲ་སྟེ། སྡེ་གོང་ཞོལ་གཉིས་སུ་ཡོད་པའི་ནང་རོལ་གྱི་ཆགས་ཚུལ་ལ་སུས་ཀྱང་མཐོང་ན་མཚོ་ཆུང་ནོར་བུ་ཞིག་གི་ཤུལ་ཞིག་ཡིན་ཞེས་མི་བརྗོད་མཁན་གཅིག་ཀྱང་མེད་དོ། །

  ཕྱོགས་བཞིའི་རི་ཕྲེང་པད་མའི་འདབ་མ་རྣམ་པར་བཞད་པའི་ཕང་བ་རུ་ཆགས་པའི་སྡེ་འདིར་ཆུ་བཟང་ཞེས་འབོད་ཅིང་། དེ་ལྟར་འབོད་པའི་རྒྱུ་མཚན་ཡང་སྔོན་ཆུ་བཟང་དགོན་པའིསྤྲུལ་སྐུ་ཆུ་བཟང་རྣམ་རྒྱལ་དཔལ་འབྱོར་མཚོ་སྲིབ་ནས་དགོན་ལུང་དུ་གནས་འདི་བརྒྱུད་ནས་ཕེབས་དུས། འདིར་ཞག་བཞུགས་གནང་ཞིང་ཕྱི་ཉིན་ཕེབས་བཞུད་གནང་ཁར་གནམ་ངོ་གཡའ་དག་ཅིང་ཉིན་བྱེད་ཀྱི་འོད་མདངས་རྣམ་པར་འཚེར་ལ། ཕྱོགས་བཞིའི་ཁོར་ཡུག་སྔོ་ལྗང་ལྗང་གི་ཀུན་ནས་མཛེས་པས་ཁོང་ཉིད་ཀྱི་ཐུགས་ཧ་ཅང་དགྱེས་ནས་གནས་འདིའི་མིང་ལ་ཆུ་བཟང་ཞེས་བཏགས་སྐད། གནས་འདིར་མཚོན་ན་གཙོ་བོ་ཞིང་ཕྱུགས་གཉིས་ཀྱི་ལས་ཀ་གཉེར་བཞིན་ཡོད་ལ། ཞིང་ས་ཡོངས་ནས་རི་མ་ཡིན། སྡེ་འདིར་དུད་ཁྱིམ196ལྷག་ཡོད་པ་དང་། མི་གྲངས་ཁྱོན་བསྡོམས884ལ་སླེབས་ཡོད། རྒྱ་རིགས་ཁྱིམ་ཚང་གསུམ་དང་ཧོས་རིགས་ཁྱིམ་ཚང་གཉིས་མ་གཏོགས་གཞན་ཚང་མ་བོད་རིགས་ཡིན་ལ། དེང་གི་རྒྱལ་ཁབ་རིམ་པའི་སའི་ཁྱབ་ཁོངས་ལྟར་ན། ཡུལ་གྲུ་འདི་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་ཁྲི་ཀ་རྫོང་ལ་ཟེ་བ་གྲོང་རྡལ་གྱི་ཁོངས་སུ་གཏོགས་པའི་རུ་ཁག་ལྔ་ཅན་གྱི་སྡེ་ཆེན་ཞིག་ཡིན།

  སྔོན་ཆད་ལ་མཚོན་ན་ཞིང་ལས་ཡོང་སྒོ་ཧ་ཅང་དམའ་བས་འབངས་ལ་ཤ་ཚ་ཞིང་སྙིང་ཉེ་བ་དང་། འབངས་ཀྱི་སྐྱིད་སྡུག་རང་གི་སྐྱིད་སྡུག་དུ་བསམས་པའི་འགོ་ཁྲིད་དེ། རང་སྡེའི་སྡེ་དཔོན་དོན་གྲུབ་ཆེ་ཆུང་གཉིས་ཀ་དང་། ཁྱད་པར་དུ་དོན་གྲུབ་ཆུང་བ་དང་ལྷ་ཁང་ཐང་ཞང་སྲིད་གཞུང་གི་ཧྲུའུ་ཅུ་རིན་ཆེན་རྣམ་གཉིས་ཀྱིས་གནས་ཚུལ་དེར་དམིགས་ནས།1973ལོར་ཐབས་བརྒྱ་ཇུས་སྟོང་གིས་རྫོང་སྲིད་གཞུང་ལ་ཡར་ཞུ་གང་མང་བྱས་མཐར། ཆུ་བཟང་སྡེ་བར་རང་ཞང་གི་སྣེ་སྣ་སྡེ་བའི་འོ་ར་ཡན་ཆད་དང་མཛོ་སྣའི་གྲམ་པའི་མན་ཆད་དེ། སྔོན་དམག་མིའི་ཞིང་ས་ཡིན་པ་དག་ཆུ་བཟང་སྡེ་བར་སྤྲད་དེ། སྡེ་གོང་ཞོལ་གཉིས་ཀྱི་ཁྱིམ་ཚང་སྐོར་ཞིག་གནས་དེར་ཕྱིན་ནས་ཁྱིམ་གཞི་ཚུགས་པས་སྡེ་བ་ཡོངས་ཀྱི་ཞིང་ལས་ཡོང་སྒོ་སྔར་ལས་འཕར་སྣོན་བྱུང་། གནས་དེའི་མིང་ལ་ཡང་ར་རྒོད་ཁུགས་ཞེས་གྲགས་སོ། །དེང་སྐབས་ཆུ་བཟང་སྡེ་བ་གཅིག་ལ་ས་གནས་གསུམ་དུ་ཁྱིམ་གཞི་ཚུགས་པར་བྱས་ཡོད་དེ། ཆུ་བཟང་གོང་ཞོལ་གཉིས་དང་། ར་རྒོད་ཁུགས་བཅས་ཡིན་ལ། ཆུ་བཟང་གོང་ཞོལ་གཉིས་ཀྱི་སྡེ་བ་འདིའི་ཉེ་འཁོར་དུ་ཁྱིམ་མཚེས་སྡེ་བ་ཤར་ན་རྡོ་རེ་ཚང་དང་། ལྷོ་ན་རྫོང་འགོ ནུབ་ན་རྡོ་ར། བྱང་ན་རིག་སྨོན་ས་སྣེ་དང་སྟོང་སྐོར་ས་སྣེ། བྱང་ཤར་མཚམས་སུ་གཡུ་རྩ་བཅས་ཡོད་ལ། ཚང་མ་འོ་ཆུ་བཞིན་དུ་གཅིག་ཏུ་འདྲིས་ཏེ་གྱོད་དང་ཁ་མཆུ་ཅི་ཡང་མེད་པར་ཁྱོད་བཟང་ང་སྐྱིད་ཀྱིས་རང་ས་ན་ཞིང་ཕྱུགས་ཐོན་སྐྱེད་ཀྱི་ལས་ལ་འབད་བཞིན་མཆིས། དེ་ལྟ་ན་ཡང་སྐུ་ཞབས་ལྷ་རྒྱལ་ཚེ་རིང་དང་སྐུ་ཞབས་བསོད་ནམས་གྲགས་པ་གཉིས་ཀྱིས་བརྩམས་པའི②《སྒོ་མེ་ཡུལ་གྱི་ལོ་རྒྱུས་གསལ་བའི་མེ་ལོངཞེས་པར། ཆུ་བཟང་སྡེ་བ་སྒོ་མེ་ཚོ་དགུའི་གྲས་སུ་བགྲང་མེད་པ་མ་ཟད། ད་དུང་མིང་ཙམ་ཡང་གླེང་མི་འདུག འདིར་བློ་དམན་ངས་བསམ་ན་ཁོང་རྣམ་པ་གཉིས་ཀྱིས་ཐུགས་མཉམ་མ་བཞག་པའི་རྐྱེན་ཡིན་རྒྱུ་རེད་སྙམ། ད་ལྟ་ང་ཚོ་སྡོད་སའི་ས་གནས་ཡོངས་སྔོན་ཆད་དཀར་བརྗིད་དཔོན་ཚང་གི་ཡིན་པ་སྨྲ་མི་དགོས་ལ། ང་ཚོ་ཡང་དཀར་བརྗིད་དཔོན་ཚང་གི་གླ་དཀྱུས(དཔོན་ཚང་གིས་ཆེད་དུ་བཙལ་བའི་ཞིང་ཕྱུགས་གཉེར་མཁན་གྱི་གླ་པ་ཕལ་བ)ཡིན་པ་དེ་ལས་ཀྱང་སྨྲ་མི་དགོས་པ་ཞིག་རེད། དེ་བས་ལོ་ངོ་བརྒྱ་དང་བཅུའི་སྔོན་ནས་སྡེ་འདིའི་མི་དང་གནས་གཉིས་ཀ་དཀར་བརྗིད་དཔོན་ཚང་གི་མི་དང་ས་ཡིན་པ་ནི་བསྙོན་དུ་མེད་པའི་ལོ་རྒྱུས་ཀྱི་དོན་དངོས་ཤིག་ཡིན་ནོ། །བོད་རིག་པའི་མཁས་དབང་ཁྲིན་ཆིན་དབྱིན་ལགས་ཀྱིས་མཛད་པའིཀྲུང་གོའི་བོད་རིགས་ཚོ་ཁག་གི་ལོ་རྒྱུསལས། "1921ལོར་སྒོ་མེ་ཚོ་བ་སྟོད་སྨད་གཉིས་སུ་གྱེས་ཤིང་སྒོ་མེ་སྟོད་སྨད་གཉིས་ཀ་སྟོང་སྡེ་རུ་གྱུར། དེའི་རྗེས་སུ་བཅུ་དཔོན་དང་བརྒྱ་དཔོན་ལམ་ལུགས(ཇོཨྱོཾཊྚཾཊ)བཙུགས་པ་ནས་བཟུང་སྒོ་མེ་སྟོད་སྐོར་ལས་ལྷ་ཁང་ཐང་ལོགས་སུ་དགར་ནས་སྟོང་སྡེ་གང་ལའང་མི་གཏོགས་པར་བྱས་ཤིང་སྒོ་མེ་བར་མ་ཞེས་མིང་བཏགས། སྒོ་མེ་ཞོལ་མ་ནི་དཀར་བརྗིད་དང་། ཀཱ་པ། (ཐྷབེ)ཨ་སྐོང་། སྟོང་སྡེ(དྡྷཱུབཱོ)གཡུ་རྩ། རྡོ་རེ་ཚང་། རྡོ་ར། ཆུ་བཟང་། སྟག་ལུང་། ཧོར་ཀྱཱ། ལྕང་ར་སོགས་ལ་སྒོ་མེ་ཚོ་དགུ་ཞེས་བརྗོད།" ཅེས་བཀོད་ཡོད་པས། སྒོ་མེ་ཆུ་བཟང་ནི་སྒོ་མེ་ཞོལ་མ་ཡི་ནང་ཚན་ཡིན་པ་དེ་ཡང་ངང་གིས་གྲུབ་སྟེ། རྟོག་དཔྱོད་མི་དགོས་པའི་གཏན་ཚིགས་རྣལ་མ་ཞིག་ཏུ་འཁུམས་ཤིང་། སྒོ་མེ་ཆུ་བཟང་སྒོ་མེ་སྟོད་སྨད་བར་གསུམ་གང་དུའང་མི་གཏོགས་པར་གཞན་ཞིག་ཏུ་བཅད་ན་ནི་ལོ་རྒྱུས་ཀྱི་དོན་དངོས་དང་མི་མཐུན་པར་སྙམ་མོ། །

  ཆུ་བཟང་གོང་གི་ཁྱིམ་ཚང་མང་ཤོས་ཀྱི་ཆད་ཁུངས་ནི་བ་ཡན་ནང་སྟོད་ཡིན་ལ། སྒོ་མེ་ཞོལ་མའི་མངའ་ཁོངས་སུ་འོང་ནས་དཀར་བརྗིད་དཔོན་ཚང་གི་གླ་དཀྱུས་བྱས་པ་ནས་བཅིངས་འགྲོལ་བྱས་རྗེས། རྒྱལ་ཁབ་རིམ་པའི་སྲིད་གཞུང་གིས་ཐོག་མར་ཧོ་ཞི་ཞང་དང་རྗེས་སུ་ལྷ་ཁང་ཐང་ཞང་གི་མངའ་ཁོངས་སུ་བསྡུས་པའི་བར་དང་། དེ་ནས་ད་ལྟའི་བར་དུ་ང་ཚོས་གནས་མཆོག་འདི་ནས་ཧ་ལམ་ལོ་ངོ110ལྷག་གི་འཚོ་སྡོད་ཀྱི་ལོ་རྒྱུས་ཡོད། དེང་སྐབས་ཁྱིམ་ཚང་བསྡོམས་པའི132ལྷག་ལ་སླེབས་ཡོད་པ་དང་། མི་གྲངས624ལྷག་ལ་སླེབས་ཡོད། གནས་དེར་ཆགས་པའི་རིམ་པ་ནི་ཐོག་མར་བ་ཡན་ནས་འོང་པའི་སྐུ་འབུམ་དགོན་པའི་གཉེར་བ་ཨ་མྱེས་མགོན་པོ་ཡིས་ཁྲི་ཀའི་དཀར་བརྗིད་དཔོན་ཚང་གི་དཔོན་པོ་མིང་ལ་སྐལ་རྒྱལ་ཟེར་བ་ཞིག་ངོ་ཤེས་ཤིང་། དེས་སྐབས་དེར་དཔོན་ཚང་ལ་གླ་དཀྱུས་འཚོལ་དགོས་ཡོད་སྟབས། ཁོང་གིས་ཨ་མྱེས་མགོན་པོར་གླ་དཀྱུས་འཚོལ་བར་གྲོགས་བཅོལ། ཨ་མྱེས་མགོན་པོས་རང་གི་ཕ་གཅིག་མ་གཅིག་ལས་ཆད་པའི་ཕུ་བོ་རྟ་མགྲིན་དཔོན་ཚང་གི་གླ་དཀྱུས་སུ་བཀུག་པ་དང་། དེས་ཀྱང་རང་གི་བུ་ལྷ་ཕྱུག ཉེ་བོ་ཚེ་རིང་བྱམས། སྡེ་གཅིག་ཡིན་པའི་སྡེ་མི་དཔལ་བཟང་དང་བིས་མདོ་བསོད་ནམས། གཞན་དགོན་པ་ཐར་དང་བྲེ་བོ་ཆེ་བཅས་ཁྱིམ་ཚང་བདུན་སྔ་གཞུག་ཏུ་གླ་དཀྱུས་སུ་བཀུག་ནས་དཔོན་ཚང་གིས་ཆུ་བཟང་གོང་དུ་གཞི་ཁྱིམ་ཚུགས་པར་བཀོད་འཛུགས་བྱས། དེ་ལྟར་སྡེ་གཅིག་ཡིན་པ་དང་མིན་པའི་ཁྱིམ་ཚང་འགའ་རེ་ཡང་གཅིག་རྗེས་གཉིས་མཐུད་ཀྱིས་གནས་དེར་འོང་སྟེ། ལོ་བཅུ་ལྷག་འགོར་རྗེས་སྡེ་བ་ཞིག་གི་རྣམ་པ་ཀུན་ནས་མངོན་ཞིང་དཔོན་ཚང་གི་གླ་དཀྱུས་ཤ་སྟག་ཏུ་གྱུར་ནས་དཔོན་ཚང་གིས་ཀྱང་ཆུ་བཟང་སྡེ་བར་གོང་ན་གསལ་བོར་བསྟན་ཡོད་པའི་སའི་ཁྱབ་ཁོངས་དེ་གཏན་འབེབས་གནང་སྟེ་ལས་བགོས་བྱས། སྡེ་མི་རྣམས་ཀྱིས་ཀྱང་ལོ་རེར་ཞིང་ཕྱུགས་ལས་གཉིས་ཀྱི་དཔྱ་ཁྲལ་ཡོངས་ནས་ཆད་ལྷག་མེད་པར་དུས་ལྟར་འཇལ་ནས་ཤི་ན་དཔོན་ཚང་གི་འདྲེ་དང་གསོན་ན་དཔོན་ཚང་གི་མི་རུ་གྱུར། དཔོན་པོ་ལྷ་འབྲུག་དང་དཔོན་པོའི་བུ་དབང་ཕྱུག་གཉིས་ལ་ཞབས་ཞུ་སྒྲུབ་མཁན་ཡང་ཆུ་བཟང་སྡེ་བའི་སྡེ་མི་དོན་གྲུབ་ཆུང་བ་དང་ཨ་ཡེ་ཁྱུང་ཕྲུག་གཉིས་ཀྱང་སོང་སྐད།

  དེ་ལྟར་རིམ་གྱིས་ཆུ་བཟང་སྡེ་བའི་མི་ཨ་ཡེ་མགོན་མོ་ལ་དབང་བསྙེན་ཞིག་བསྐུར་བར་རྡོ་རེ་གྲྭ་ཚང་གི་དགེ་འདུན་ཡོངས་ཞུས་པ་ལ་ན་བཟའ་སེར་པོ་མནབས་ཡོད་པ་ཡན་ཆད་གཅིག་ཀྱང་མ་ཆད་པར་ཕེབས་ཏེ་རིམ་གྲོ་བསྒྲུབས་པ་ནས་བཟུང་། ཆུ་བཟང་སྡེ་བས་རྡོ་རེ་གྲྭ་ཚང་ལ་མགོ་བཏགས་ནས་སྐྱིད་སྡུག་གང་བྱུང་ཐམས་ཅད་དེར་གཏོད་དགོས་པ་མ་ཟད། དགོན་པས་རང་སྡེར་གྲྭ་བ་རེ་སློང་ན་ཡང་བུ་ཆུང་འགའ་རེ་གྲྭ་བ་བྱེད་དུ་མངགས་པ་བཅས་བརྒྱུད་དེ་ཆུ་བཟང་སྡེ་བ་ལ་ཡང་ལྷ་སྡེ་ཡོད་པ་བྱུང་། དེར་བརྟེན་རྡོ་རེ་སྐུ་ཤོགས་ཚང་གིས་ཀྱང་ཆུ་བཟང་སྡེ་བར་སྒྲོལ་མའི་ཐང་ག་ཞིག་བཞེངས་ནས་གནང་ཞིང། སྡེ་མིས་ཀྱང་ཐང་ག་དེ་ཁྱིམ་ཚང་རེ་རེར་ཞུས་ནས་སྒྲོལ་མ་སྡེ་འདོན་བྱེད་པའི་སྲོལ་བཙུགས། དེ་ལྟར་སྐབས་ཤིག་ལ་སླེབས་པ་ན་ཚང་མའི་བློ་ལ་མ་ཎི་ཁང་ཞིག་བཞེངས་དགོས་པའི་འདུན་པ་དྲག་པོ་སྐྱེས་པས་ཨ་མྱེས་དཔའ་རྒྱལ་གྱིས་སྣེ་དྲངས་ཏེ། ཨ་མྱེས་ལྷ་ཕྱུག་དང་། ཨ་མྱེས་སངས་རྒྱས། ཨ་མྱེས་དར་རྒྱས། ཨ་མྱེས་རབ་རྒྱས་སོགས་ཀྱིས་རྡོ་རེ་ཞབས་དྲུང་གདན་དྲངས་ཏེ་མ་ཎི་ཁང་བཞེངས་སའི་གནས་དང་དཔའ་ཁ་སོགས་གཏན་འབེབས་གནང་སྟེ། ཆུ་བཟང་གོང་གི་མཁར་ཆག་སྣ་ཁའི་གཡས་སུ་སྐུ་གསུང་ཐུགས་ཀྱི་ཡོན་ཏན་ཀུན་ནས་ཚང་པའི་སྒྲོལ་མའི་ཐང་ག་ཞིག་དང་སྐྱབས་འགྲོ་ཚོགས་ཞིང་གི་ཐང་ག་ཞིག ཐུགས་རྗེ་ཆེན་པོའི་ཐང་ག་ཞིག མ་ཎི་དུང་ཕྱུར་ཅན་ཞིག་བསྐོར་ཡོད་པ་བཅས་རྟེན་གཙོ་བོ་བྱས་པའི་ཆོས་ཀྱི་གསུང་དབྱངས་ཡན་ལག་དྲུག་ཅུའི་གསུང་དབྱངས་བར་མེད་དུ་སྒྲོག་པའི་མ་ཎི་ཁང་ཞིག་གསར་བཞེངས་མཛད། སྤྱི་ཚོགས་ཀྱི་འཕེལ་རྒྱས་དང་དུས་རབས་ཀྱི་འགྱུར་ལྡོག ལོ་རྒྱུས་གྱི་འཕོ་འགྱུར་བཅས་ཀྱི་དབང་གིས1966ལོ་ནས1968ལོའི་རིག་གསར་གྱི་རླུང་འཚུབ་ནང་མ་ཎི་ཁང་འདིའི་ཚེ་སྲོག་ལ་ཡང་རླུང་ནང་གི་མར་མེ་དང་ས་ཁའི་ཉ་མོ་ཡི་འཇིགས་པ་ཐེབས་བཞིན་ཡོད་པ་ནས་མེད་པའི་ཕྱོགས་སུ་གོམ་ཁ་མི་བསྒྱུར་ག་མེད་བྱུང་སྟེ་མ་ཎི་ཁང་དེ་སྡེ་བ་གཞུང་གི་ཟ་ཁང་དུ་བསྒྱུར། དེ་ནས་ལོ་མང་འགོར་རྗེས་ཆོས་ལུགས་དད་མོས་རང་དབང་གི་སྲིད་ཇུས་ཀྱི་སྐྱ་རེངས་དང་པོ་དེ་སླར་ཡང་ང་ཚོའི་ཀྲུང་གོའི་རྒྱལ་ཁབ་ཀྱི་ས་གཞིའི་ངོས་སུ་འཆར་བྱུང་ལ། ང་ཚོར་ཡང་བསྐྱར་རང་གི་མ་བཅོས་སེམས་ཀྱི་དད་འདུན་བཅོལ་སའི་བླ་མ་དང་སངས་རྒྱས། ཆོས། དགེ་འདུན་བཅས་ཀྱི་བསྟན་པ་རིན་པོ་ཆེ་རྒྱ་བསྐྱེད་རྒྱས་བསྐྲུན་དང་། འཛིན་སྐྱོང་སྤེལ་གསུམ་བྱེད་ཐུབ་པའི་ལས་བསོད་རྒྱས་པ་དང་མཇལ་པའི་གོ་སྐབས་ཀྱང་ཐོབ་སྟེ་མ་ཎི་ཁང་ཞིག་བཞེངས་པའི་སྐལ་བ་ལྡན་པར་གྱུར། དེ་ལྟར་ཆུ་བཟང་སྡེ་བའི་རྒན་པ་སྐོར་ཞིག་གིས་སྣེ་དྲངས་ཏེ་སྔོན་སྡེ་བའི་གཞུང་སྒྲུབ་ཁང་ཡིན་པའི་ཁང་རྙིང་དེར་ཞིག་གསོ་གང་ལེགས་བྱས་ནས་སྔོན་གྱི་རྟེན་རྣམས་ཚང་པར་བྱས་ཏེ་མ་ཎི་ཁང་དུ་བསྒྱུར་ཅིང་ལོ་རེར་རྒྱ་བསྐྱེད་རྒྱས་བསྐྲུན་མཛད། དེ་རྗེས་སུ་དཔལ་འབྱོར་དང་འཚོ་སྡོད་ཀྱི་དབང་གིས་ཁྱིམ་ཚང་མང་ཤོས་གཅིག་རྗེས་གཉིས་མཐུད་ཀྱིས་གནས་སྤར་ནས་ར་རྒོད་ཁུགས་ལ་ལོག་བྱུང་བས། མ་ཎི་ཁང་དེ་བདག་མེད་ཁེར་རྐྱང་དུ་མི་ལུས་ཐབས་མེད་བྱུང་། གནས་ཚུལ་དེའི་དབང་གིས2003ལོར་སྡེ་བའི་རྒན་གསུམ་ཚོགས་ནས་གྲོས་བྱས་ཏེ་མ་ཎི་ཁང་དེའི་རྟེན་རྣམས་སྡེ་བའི་ཨ་མྱེས་དཔའ་རྒྱལ་གྱིས་མ་ཎི་ཁང་བཞེང་སའི་ས་སྦྱིན་ཏེ། ཁོང་དང་ཧྲུའུ་ཅུ་རྒན་པ་ལོ་བྷ་གཉིས་ཀྱིས་སྣེ་ཁྲིད་འོག་བཞེངས་པའི་ར་རྒོད་ཁུགས་ཀྱི་མ་ཎི་ཁང་དེར་གདན་འདྲེན་པ་དང་ཁང་པ་རྣམས་བཤིག་སྟེ་དེའི་ཤུལ་དུ་མཆོད་རྟེན་ཞིག་བཞེངས་པར་གྲོས་འཆམས་ཤིང་། དེའི་ཕྱི་ལོར་འཆར་བཀོད་ཡོངས་ནས་ལེགས་གྲུབ་བྱུང་།

  སྲིད་ཇུས་ཇེ་ལེགས་དང་སྤྱི་ཚོགས་ཀྱི་འཕེལ་རྒྱས་ཇེ་མྱུར། འབངས་ཀྱི་ཡོང་སྒོ་ཇེ་མང་དུ་སོང་རྐྱེན་སྡེ་བའི་རྒན་པ་སྐོར་ཞིག་གིས་ན་ནིང་ལོར(2013ལོ)སྣེ་དྲངས་ཏེ་ར་རྒོད་ཁུགས་ཀྱི་མ་ཎི་ཁང་དེ་རྒྱ་བསྐྱེད་པར་གྲབས་གཤོམ་ཏེ་ཁྱིམ་ཚང་རེ་རེར་དཀར་ཐིགས་སློང་བ་དང་། འགན་ཁུར་འཇོག་པ་སོགས་ཀྱི་ཐབས་བཀོད་གང་ལེགས་མཛད་དེ་མཐུན་རྐྱེན་བསྐྲུན་པ་དང་། དེ་ཁར་སྐུ་ཞབས་ཕག་མོ་ལགས་སྦྱིན་བདག་བྱས་ཏེ་སྟེང་གི་གསེར་ཏོག་ཡོངས་ནས་བཞེངས་པས། མ་ཎི་ཁང་དེ་ཕྱི་ཡི་བཀོད་པ་ལེགས་འགྲུབ་བྱུང་། ནང་གི་རྟེན་གཙོ་བོ་སྟེ་སྔར་ཡོད་ཀྱི་རྟེན་གཞིར་བྱས་ཐོག་སྐུ་ཞབས་རྡོ་རྗེ་ཚེ་བརྟན་ལགས་སྦྱིན་བདག་གཙོ་བོ་དང་། སྐུ་ཞབས་བསྟན་གོ སྐུ་ཞབས་ཚེ་དབང་རིག་འཛིན། སྨན་པ་ཕག་མོ་དོན་གྲུབ་སོགས་ཕལ་བ་བྱས་ཏེ་ཚེ་ལྷ་རྣམ་གསུམ་གྱི་ཟངས་སྐུ་བཞེངས་པ་སོགས་ཀྱི་མཐུན་རྐྱེན་གང་ལེགས་སྦྱར་ནས་མ་ཎི་ཁང་འདིའི་ཕྱི་ནང་གི་བཀོད་པ་ཡོངས་ནས་དགོན་པ་གསར་བ་ཞིག་གི་རྣམ་པ་དང་ཀུན་ནས་མཚུངས་པར་བྱས་སོ། །

  མ་ཎི་ཁང་འདིར་མཚོན་ན་སྒྱོ་ཞོལ་མའི་དེའུ་འབུར་གསེར་གྱི་མཆོད་རྟེན་བྱོན་འདྲ་ཞིག་གི་མདུན་དུ་བརྗིད་ཆགས་པར་བཞེངས་ཡོད་ཅིང་། འདིའི་ཤར་ན་དབུ་རྩེ་བར་སྣང་དབྱིངས་ན་རྩེན་པའི་ཨ་མྱེས་སྲིན་པོ་པདྨ་དབང་རྒྱལ་དང་། ལྷོ་ན་མུ་ཏིག་སྟར་ལ་བརྒྱུས་འདྲའི་འབའ་རྩེ་རི་རྒྱུད། ནུབ་ན་སེང་གེ་དགུང་དུ་མཆོང་འདྲའི་གླང་ཆེན་གཙུག་ཏོར། བྱང་ན་ཁྱུང་ཆེན་ཐུར་དུ་འབབ་འདྲའི་སྒྱོ་ཡི་རི་རྒྱུད་བཅས་ཡོད་ལ། གཞན་ད་དུང་མདུན་ན་གཡུ་འབྲུག་སྔོན་མོ་ས་ན་རྒྱུ་འདྲའི་རྨ་གཡང་ཕྱུག་མོ་ཆལ་ཆིལ་དུ་འབབ་ཅིང་། དེའི་གཡོས་གཡོན་གཉིས་ཀྱི་སྡེ་གཡུང་དྲུང་འདྲ་བའི་འདབས་རོལ་གྱི་སྒོ་ཞིང་གྲུ་བཞི་མང་པོ་མཚོ་མོའི་མར་ཁུ་འཁྱིལ་འདྲ། ལྗོན་ཤིང་གཡུ་ལོ་ཚང་ཚིང་བཀོད་པའི་གསེང་ན་སིལ་ཏོག་མང་པོས་ཞིམ་མངར་ཀྱི་དྲི་དང་རབ་མཛེས་ཀྱི་མདངས་ངོམ་པ་དང་འདྲ་ལ། བྱ་དང་བྱེའུ་མང་པོས་བཀྲ་ཤིས་ཀྱི་པད་མོ་བཞད་པ་དང་བདེ་ལེགས་འབྲས་བུ་སྨིན་པར་སྐད་སྙན་སྒྲོག་པ་ལྟ་བུ་བཅས་ཀྱི་དགེ་མཚན་མ་ལུས་ཡོངས་སུ་ཚང་པས་འགྲོ་བ་ཀུན་གྱི་དད་པའི་འདུན་པ་ངང་གིས་འགུག་ལ་ཐེ་མི་ཚོམ།

  ཆུ་བཟང་ཞོལ་མ་གནས་འདིར་ཆགས་ནས་ད་ལྟའི་བར་ལོ་ངོ250ལྷག་འདས་ཞིང་། སྡེ་འདིར་མཚོན་ན་ཐོག་མར་རྡོ་རེ་ཚང་དང་ཧོར་ཀྱཱ་གཉིས་ནས་ཨ་སྐོང་ཚོ་བའི་ཁྱིམ་ཁ་གཉིས(སྔོན་གྱི་སྡེ་དཔོན་རིན་ཆེན་རྣམ་རྒྱལ་དང་མཁའ་འབུམ)དང་། ཀླུ་བྱམས་ཚང་། དངོས་གྲུབ་ཚང་། མགོན་པོ་རྒྱལ་ཚང་། རིན་ཕྲུག་ཚང་བཅས་ཁྱིམ་ཁ་བདུན་སྔ་གཞུག་ཏུ་གནས་འདིར་ཆད་འོང་ནས་གཞི་འཛིན་གྱི་དང་པོ་བྱས། དེ་ནས་རིམ་གྱིས་བུ་རབས་ཚ་རྒྱུད་ཇེ་མང་དུ་སོང་པ་དང་། དེ་ཁར་ཕྱོགས་ཡར་མར་ནས་ཁྱིམ་ཁ་རེ་གཉིས་ཆད་འོང་ནས་སྡེ་བ་ཞིག་གི་རྣམ་པ་ཀུན་ནས་གྲུབ་ཅིང་སྡེ་བ་ཞིག་ལ་ཚང་དགོས་པའི་མ་ཎི་ཁང་ལ་སོགས་པ་ཡང་བཞེངས་སྐྲུན་མཛད། ད་ལྟ་ཁྱིམ་ཚང64ལྷག་ལ་སླེབས་ཡོད་པ་དང་། མི་གྲངས260ལྷག་ལ་སླེབས་ཡོད།

  སྤྱི་ཚོགས་ཀྱི་འཕེལ་རྒྱས་དང་དམངས་ཀྱི་འཚོ་བ་ཇེ་ལེགས་སུ་སོང་བའི་འགྲོས་དང་བསྟུན་ནས་སྡེ་བ་འདིའི་རྒན་གསུམ་གྱི་ཐུགས་ལ་ཡང་རང་དང་བུ་རབས་ཚ་རྒྱུད་ཀུན་གྱི་ཚེ་སྔ་ཕྱི་གཉིས་ཀྱི་སྐྱིད་སྡུག་ཐམས་ཅད་རེ་ས་སྟེ། སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་སྤེལ་སའི་གནས་མཆོག་མ་ཎི་ཁང་ཞིག་བཞེང་བསྐྲུན་བྱ་དགོས་པའི་ཐུགས་འདུན་ཆེན་དྲག་པོ་སྐྱེས་ཤིང་། ཁྱད་པར་དུ་སྡེ་བ་གོང་ཞོལ་གཉིས་ཀྱི་རྒན་མགོ་དཀར་མན་ཆད་ནས་ཆུང་སོ་དཀར་ཡན་ཆད་ཀྱི་ན་བའི་སྡུག་བསྔལ་མ་ལུས་འཇོམས་མཁན་ལྷ་རྗེ་ཕག་མོ་དོན་གྲུབ་ལགས་ཀྱིས་སྣེ་དྲངས་ཏེ། ས་དཔྱད་མཁན་དང་བླ་སྤྲུལ་འགའ་རེ་གདན་དྲངས་ཏེ་མ་ཎི་ཁང་བཞེང་སའི་གནས་དང་དཔའ་ཁ་གཏན་ཁེལ་བྱས་ཏེ། རྒྱབ་རི་བུམ་པའི་གཟུགས་ལ་འཕྱ་བའི་རི་ཆུང་ཐང་དཀར་སྒང་དང་། མདུན་རི་གླང་ཆེན་བྲེ་ན་བཞེངས་འདྲའི་རི་རྒོད་སྒང་བྱས་ནས་ཉག་ཕྲན་མདའ་མོའི་རྩེ་ལྟར་ཡོད་པའི་རི་མའི་སྒར་ཀྱི་གཡོས་གཡོན་གཉིས་ན་སྡེ་བ་ཆགས་ཡོད་པའི་གོང་ན་སྐུ་གསུང་ཐུགས་ཀྱི་ཡོན་ཏན་ཀུན་ནས་རྫོགས་་་་་པའི་མགོན་པོ་འོད་དཔག་མེད་ཀྱི་ཐང་ག་ཞིག་དང་། སློབ་དཔོན་པདྨའི་ཐང་ག་ཞིག སྒྲོལ་མའི་ཐང་ག་ཞིག མ་ཎི་དུང་ཕྱུར་ཅན་ཞིག་བསྐོར་ཡོད་པ་བཅས་རྟེན་གཙོ་བྱས་པའི་ཆོས་ཀྱི་གསུང་དབྱངས་ཡན་ལག་དྲུག་ཅུའི་གསུང་དབྱངས་བར་མེད་དུ་སྒྲོག་པའི་མ་ཎི་ཁང་ཞིག་གསར་བཞེངས་མཛད་། དེར་ཡང་སྤྱི་ཚོགས་དང་དུས་རབས། ལོ་རྒྱུས་བཅས་འཕོ་འགྱུར་གྱི་དབང་གིས1966ལོ་ནས1968ལོའི་རིག་གསར་གྱི་རླུང་འཚུབ་ནང་ཆུ་བཟང་གོང་གི་མ་ཎི་ཁང་བཞིན་ཡོད་པ་ནས་མེད་པའི་ཕྱོགས་སུ་གོམ་ཁ་མི་བསྒྱུར་ག་མེད་བྱུང་ནས་མ་ཎི་ཁང་དེ་སྡེ་བ་གཞུང་གི་རང་འཐག་འཐག་ས་རུ་བསྒྱུར། དེ་ནས་ལོ་མང་འགོར་རྗེས་ཆོས་ལུགས་དད་མོས་རང་དབང་གི་སྲིད་ཇུས་ཡང་བསྐྱར་ཀྲུང་གོ་རྒྱལ་ཁབ་ཀྱི་ས་གཞིའི་ངོས་སུ་འཆར་བྱུང་ལ། ང་ཚོར་རང་གི་མ་བཅོས་སེམས་ཀྱི་དད་འདུན་བཅོལ་སའི་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་རྒྱ་བསྐྱེད་རྒྱས་བསྐྲུན་དང་། འཛིན་སྐྱོང་སྤེལ་གསུམ་བྱེད་ཐུབ་པའི་ལས་དང་བསོད་ནམས་རྒྱས་ཤིང་མཇལ་པའི་སྐལ་བའང་ཐོབ་སྟེ། ཡང་བསྐྱར་མ་ཎི་ཁང་ཞིག་བཞེངས་པའི་སྐལ་བཟང་མངོན་དུ་གྱུར། དེ་ལྟར་སྡེ་བའི་རྒན་པ་འགའ་ཡིས་སྣེ་ཁྲིད་བྱས་ཏེ། སྔོན་ན་སྡེ་བའི་རང་འཐག་འཐག་སའི་ཁང་རྙིང་དེར་ཞིག་གསོ་གང་ལེགས་མཛད་ནས་སྔོན་གྱི་རྟེན་རྣམས་ཚང་བར་བྱས་ཏེ། མ་ཎི་ཁང་དུ་བསྒྱུར་ཅིང་ལོ་རེར་རྒྱ་བསྐྱེད་རྒྱས་བསྐྲུན་དང་། མཐུན་རྐྱེན་གང་ལེགས་སྦྱར་ཏེ་མ་ཎི་ཁང་འདིའི་ཕྱི་ནང་གི་བཀོད་པ་ཡོངས་ནས་གྲྭ་ཚང་ཞིག་གི་རྣམ་པ་དང་གཉིས་སུ་མ་མཆིས་སོ། །

མཆན་འགྲེལ།

 དུང་དཀར་བློ་བཟང་འཕྲིན་ལས། དུང་དཀར་ཚིག་མཛོད་ཆེན་མོ།.ཀྲུང་གོའི་བོད་རིག་པའི་དཔེ་སྐྲུན་ཁང་། 2002825.

བསོད་ནམས་གྲགས་པ་དང་ལྷ་རྒྱལ་ཚེ་རིང་། ལོ་རྒྱུས་ཀུན་གསལ་མེ་ལོང་།.ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 201115.

 

Contents

About

Collection Modern Writing from Qinghai Province
Visibility Public - accessible to all site users (default)
Author ཆུ་བཟང་པདྨ་ཚེ་རིང་།
Year published 2021
Language Tibetan
Places