ཁྲི་ཀའི་མི་ཉག་དགུ་ཐོག་གི་ཁྱམས་རར་ཉར་བའི་ཚོགས་ཁྲོ་འདོད་དགུ་དཔལ་འཁྱིལ་གྱི་སྐོར་གླེང་བ།

ཁྲི་ཀའི་མི་ཉག་དགུ་ཐོག་གི་ཁྱམས་རར་ཉར་བའི་ཚོགས་ཁྲོ་འདོད་དགུ་དཔལ་འཁྱིལ་གྱི་སྐོར་གླེང་བ།


ཁྲི་ཀ  གླིང་ཚ་སྙིང་རྒྱལ་འབུམ།


 

ནང་དོན་གནད་བསྡུས། རྩོམ་འདིར་མིག་སྔར་ཁྲི་ཀའི་ཡུལ་དུ་ལག་སོན་བྱུང་བའི་ཚོགས་ཁྲོ་འགའ་ཞིག་གི་གནས་ཚུལ་སྤྱིའི་ཆ་ནས་ངོ་སྤྲད་པ་དང་། སྒོས་སུ་མི་ཉག་དགུ་ཐོག་གི་ཁྱམས་རར་ཉར་བའི་ཚོགས་ཁྲོའི་ངོས་ཀྱི་སྨོན་ཚིག་གི་ནང་དོན་ལས་འཕྲོས་ཏེ། ལོ་རྒྱུས་ཡིག་ཚང་ཁག་གུང་བསྡུར་ནས་ཚོགས་ཁྲོ་དེ་ཉིད་དགོན་པ་གང་གི་ཡིན་པ་དང་། བཞེངས་མཁན་སུ་ཡིན་སོགས་ལ་དཀྱུས་གཅིག་ཏུ་གླེང་བརྗོད་བྱས་ཡོད། 
     
གནད་ཚིག ཚོགས་ཁྲོ། འདོད་དགུ་དཔལ་འཁྱིལ། མཆོད་རྟེན་སྐེ་དགོན། ནེའུ་ལུང་ཚང་། 
     
གཅིག མིག་སྔར་ལག་སོན་བྱུང་བའི་ཚོགས་ཁྲོ་རྣམས་སྤྱིར་བཤད་པ། 
     
སྤྱིར་མདོ་སྨད་ཁྲི་ཀའི་ཡུལ་འདི་ནི་ནང་བསྟན་དར་སྔ་བའི་ཡུལ་གྲུ་ཞིག་ཡིན་ཚུལ་ཡིག་ཚང་མང་པོ་ལས་ཤེས་ཐུབ་མོད། དེ་དང་ལྷན་དུ་བདེན་པ་སྨྲ་བའི་རིག་དངོས་མེད་ན་ལོ་རྒྱུས་ཡང་དག་ཅིག་འོང་དཀའ་བར་འདུག་པས། ད་ཡོད་ཀྱི་རིག་དངོས་རྣམས་ལ་གསུང་བརྗོད་དུ་བཅུག་ནས་ཁྲི་ཀའི་ཡུལ་འདིར་གྲུབ་མཐའ་མང་པོ་རླབས་ཀྱི་ཕྲེང་བ་བཞིན་ཇི་ལྟར་མཆེད་པའི་ལོ་རྒྱུས་ཀྱི་གསང་བ་དངོས་དེ་བསློག་རྒྱུ་ནི་ཁ་ཚ་དགོས་གཏུགས་ཀྱི་གནད་དོན་གལ་ཆེན་ཞིག་ཏུ་འཁུམས། 
     
འདིར་ཡང་ཁྲི་ཀའི་ས་གནས་རང་དུ་རྙེད་པའི་ཚོགས་ཁྲོའི་སྐོར་ལ་ཡུལ་དངོས་སུ་བསྐྱོད་པ་དང་། ཡིག་ཚང་གུང་བསྡུར་བ་སོགས་ཀྱི་རྣམ་པས་ཅི་ནུས་ཀྱིས་འཚོལ་སྡུད་བྱས་མོད། ད་དུང་ལག་ཏུ་མ་རེག་པ་འགའ་ཞིག་ལོགས་སུ་མི་བསྐྱུར་འོས་མེད་དུ་ལུས། ད་ཡོད་ཚོགས་ཁྲོ་དག་ལས་འཕྲང་དམར་ལ་འགྲོ་གོང་མའི་ཚོགས་ཁྲོ་ནི་གོང་མ་ཆན་ལུང་ཁྲི་ལོ་ང་བདུན་པ་སྟེ་སྤྱི་ལོ1793ལོའི་ཟླ་གཉིས་པར་བཞེངས་པ་དང་། ཕྱི་ངོས་སུ་ལོ་རྟགས་བཅུ་གཉིས་ཀྱི་རི་མོས་བརྒྱན་ཞིང་། བར་དུ་ཚོགས་ཁྲོ་གསར་བཞེངས་ཀྱི་ལོ་ཚིགས་རྒྱ་ཡིག་གིས་བཀོད་ཡོད། དེའི་ཚངས་ཐིག་ལ་ལི་སྨི100དང་། མཐུག་ཚད་ལ་ལི་སྨི1.1ཡོད། སྟོང་ཆེ་བ་ཀྱཱར་གཏོགས་པའི་ཚོགས་ཁྲོ་གཉིས་ཡོད་ལ། དེ་གཉིས་ཀ་ཆིང་རྒྱལ་རབས་ཀྱི་དུས་དཀྱིལ་ཙམ་ལ་བཞེངས་པར་བཤད། ཚོགས་ཁྲོ་དང་པོའི་ཚངས་ཐིག་ལ་ལི་སྨི125དང་། མཐུག་ཚད་ལ་ལི་སྨི1.5། ལྗིད་ཚད་ལ་སྤྱི་རྒྱ220ཡོད། ཚོགས་ཁྲོ་གཉིས་པའི་ཚངས་ཐིག་ལ་ལི་སྨི125དང་། མཐུག་ཚད་ལ་ལི་སྨི1.5དང་། ལྗིད་ཚད་ལ་སྤྱི་རྒྱ220ཡོད། ཚོགས་ཁྲོ་སྔ་ཕྱི་གཉིས་ཀའི་ཕྱི་ངོས་སུ་བཀྲ་ཤིས་རྟགས་བརྒྱད་ཀྱི་རི་མོ་འབུར་རིས་ཀྱིས་བཞེངས་ཤིང་། བར་དུ་རྒྱ་ཡིག་གིས་ཚོགས་ཁྲོ་བླུགས་པའི་དུས་ཚོད་རགས་ཙམ་མཁོ་སྤྲོད་བྱས་ཡོད། གོང་གསལ་ཚོགས་ཁྲོ་གསུམ་ནི་ད་ལྟ་ཁྲི་ཀ་རྫོང་རིག་དངོས་བཤམས་སྟོན་ཁང་དུ་ཉར་ཚགས་བགྱིས་ཡོད་ཅིང་། ཚོགས་ཁྲོ་གསུམ་ག་ལོ་རབས་དགུ་བཅུ་བར་སྟོང་ཆེ་བ་ཀྱཱའི་འབྲུ་མཛོད་ནས་བསྡུས་པར་བཤད་པས། ལ་འགྲོ་གོང་མའི་ཚོགས་ཁྲོ་ནི་རོང་ཞིས་ཨ་དར་ཆོས་འཕེལ་གླིང་དང་། སྟོང་ཆེ་བ་ཀྱཱའི་ཚོགས་ཁྲོ་སྔ་ཕྱི་གཉིས་ནི་བ་ཀྱཱའི་གྲྭ་ཚང་དང་། མེར་གན་གྲྭ་ཚང་སོགས་སྟོང་ཆེ་ལུང་བའི་དགོན་སྒྲུབ་སྡེ་གང་གི་ཡིན་མིན་གསལ་བོར་བཤད་དཀའ། གོང་བ་གྲྭ་ཚང་གི་ཚོགས་ཁྲོ་ནི་ཀོང་ཞི་རྒྱལ་པོའི་ཁྲི་ལོ་ཉེར་དྲུག་པ་སྤྱི་ལོ1900ལོར་གསར་བཞེངས་མཛད་པས། མཚན་སྒྲོགས་སྐུ་ཕྲེང་གསུམ་པ་བསྟན་པའི་ཉི་མའི་སྐུ་དུས་སུ་འཁེལ་ཡོད། ཕྱི་ངོས་སུ་བཀྲ་ཤིས་རྟགས་བརྒྱད་ཀྱི་རི་མོ་དང་། དོན་གཉིས་མཐར་ཕྱིན་སྟོན་པ་རྫོགས་སངས་རྒྱས།། བདེན་གཉིས་ཟུང་འཇུག་བསྟན་པ་དམ་པའི་ཆོས།། ཚོགས་གཉིས་མཉམ་ལེན་འཕགས་ཚོགས་དགེ་འདུན་དིཏེ།། སྡེ།། སྐྱབས་གནས་དཀོན་མཆོག་XXXXXXམི་གསལཞེས་པའི་བོད་ཡིག་གི་སྨོན་ཚིག་བཀོད་ཡོད་དོ། ། 
     
གཉིས། ཚོགས་ཁྲོ་འདོད་དགུ་དཔལ་འཁྱིལ་བྱེ་བྲག་ཏུ་ངོ་སྤྲོད་པ། 

     图片

 

      དེ་ཡང་ཁྲི་ཀའི་མི་ཉག་དགུ་ཐོག་ནི་ཀོ་ར་དང་གོང་བ། ཀབ་རོན་ལུང་བ་གསུམ་གྱི་མདར་གནས་པའི་ཁྲི་ཀའི་མཁར་གྱི་ནང་དུ་ཆགས་ཤིང་། མིང་རྒྱལ་རབས་ཀྱི་སྐབས་སུ་བསྐྱར་དུ་བཞེངས་པ་དང་། ཆིང་ཝང་བློ་བཟང་བསྟན་འཛིན་གྱི་དུས་ཟིང་ཞོད་འཇགས་སུ་གཏོང་སླད་རྒྱའི་དམག་དཔོན་ཉེན་གུང་ཡེ་དཔུང་དང་བཅས་པ་ཁྲི་ཀར་སླེབས་དུས་མི་ཉག་མགོན་ཁང་དང་མི་ཉག་དགུ་ཐོག་མེས་མ་འཇིགས་པའི་ཚུལ་བྲག་དགོན་པའི་དེབ་ཐེར་རྒྱ་མཚོར་གསུངས། ཕྱིས་རྒྱ་སོག་གི་འཁྲུག་ཆེན་གཅིག་རྗེས་གཉིས་མཐུད་དུ་བྱུང་སྐབས་མི་ཉག་དགུ་ཐོག་ཀྱང་ཡོངས་སུ་འཇིགས། སྤྱི་ལོ1910ལོར་བསྐྱར་དུ་བཞེངས་དུས་རྒྱའི་ཏའོ་ལུགས་པའི་ཚུལ་བཞིན་བཞེངས་ཏེ། ཐོག་རིམ་གསུམ་གྱི་ལྡེབས་རིས་དང་བཅས་པར་ཏའོ་ལུགས་པའི་ཁྱད་ཆོས་ཀྱིས་ཡོངས་སུ་ཕྱུག་པ་དེང་སྐབས་ཞིང་ཆེན་རིམ་པའི་རིག་དངོས་ཤུལ་བཞག་སྲུང་སྐྱོབ་སྡེ་ཁག་གཙོ་གྲས་སུ་གཏོགས་ཤིང་། ཁྲི་ཀའི་ཡུལ་སྐོར་ལྗོངས་རྒྱུའི་གནས་གཙོ་བོ་ཞིག་ཀྱང་ཡིན། 

      སྐབས་འདིའི་གླེང་བྱར་གྱུར་བའི་ཚོགས་ཁྲོ་འདི་ནི་མི་ཉག་དགུ་ཐོག་གི་ཁྱམས་ར་ཕྱི་ནང་བར་གསུམ་དུ་དབྱེ་བའི་ཁྱམས་ར་བར་མ་རུ་མཆིས། སྟོང་ཆེ་བ་ཀྱཱའི་ཚོགས་ཁྲོ་སྔ་ཕྱི་གཉིས་དང་ལ་འགྲོ་གོང་མའི་ཚོགས་ཁྲོ་དག་ནི་ལོ་རབས་བརྒྱད་ཅུའི་མཇུག་དང་དགུ་བཅུའི་སྟོད་ལ་གཅིག་གྱུར་གྱིས་བསྡུ་རུབ་བྱས་ཚུལ་ལ་བརྟག་ན། མི་ཉག་དགུ་ཐོག་གི་ཁྱམས་རར་ཉར་བའི་ཚོགས་ཁྲོ་འདིའང་དེ་དུས་ཤིག་ལ་་བསྡུས་པ་ལོས་ཡིན་བསམ་མོད། མཆོད་རྟེན་སྐེ་དགོན་པའི་དགེ་འདུན་པར་ཚོགས་ཁྲོ་འདི་དུས་ནམ་ཞིག་ལ་སྟོང་ཆེ་བ་ཀྱའི་འབྲུ་མཛོད་དུ་བསྡུ་ཉར་བྱས་པ་དང་། དེ་ནས་སྤྱི་ལོ1999ལོར་མི་ཉག་དགུ་ཐོག་ཏུ་ཉར་བའི་ཐད་ཀྱི་སྐད་ཆ་ཅི་ཡང་ཤོད་རྒྱུ་མི་འདུགཚོགས་ཁྲོ་དེའི་ཚངས་ཐིག་ལ་ལི་སྨི125དང་། ལྗིད་ཚད་ལ་སྤྱི་རྒྱ220ཡོད། ཁ་ཞེང་ལ་སྨི1.63དང་། དཔངས་ལ་ལི་སྨི94ཡོད། ཕྱི་ངོས་བཀྲ་ཤིས་རྟགས་བརྒྱད་ཀྱིས་ཡོངས་སུ་བསྐོར་བའི་བར་བར་དུ་ཚོགས་ཁྲོ་འདི་ཉིད་བཞེངས་པའི་དུས་དང་། སྦྱིན་བདག་གི་མཚན་བྱང་ལེགས་པར་འཁོད་ཡོད་པས།   དེའི་སྟེང་གི་འབུར་དུ་དོད་པའི་ཡིག་རྒན་རེ་རེས་དུས་སྐབས་དེའི་ལོ་རྒྱུས་དང་མི་སྣ། ས་གནས་ཀྱི་འབྲེལ་བ། ནང་བསྟན་འཕེལ་འགྲིབ་ཀྱི་གནས་བབ་ཅིག་ཀྱང་གསལ་བོར་མཚོན་ཐུབ་ཅིང་། ཡུལ་ལུང་འདིའི་ལོ་རྒྱུས་ལ་ཞིབ་འཇུག་གནང་བའི་རིག་དངོས་གལ་ཆེན་ཞིག་རེད། 
     
གསུམ། ཚོགས་ཁྲོའི་སྨོན་ཚིག་གི་མ་ཡིག་ཕབ་བཤུས་དང་ནང་དོན། 

图片

      གདུགསདགེ་སློང་བློ་བཟང་ཤེས་རབ། དགེ་སློང་བློ་བཟང་བསྟན་འཛིན། ཆོས་སྒྲོན་མཁར་མོ། དབྱིངས་སྐྱིད། དགེ་བ་འདི་ཡིས་སྐྱེ་བོ་ཀུན། བསོད་ནམ་ཡེ་ཤེས་ཚོགས་རྫོགས་ཞིང་། ། བསོད་ནམ་ཡེ་ཤེས་ལམ་བྱུང་བ། ། དམ་པ་སྐུ་གཉིས་ཐོབ་པར་ཤོག། བཀྲ་ཤིས་པར་གྱུར་ཅིག
      དཔལ་བེའུབསྟན་པའི་སྦྱིན་བདག་གི་གཙོ་བོ་ཕག་སྐོར་སྟག་ལ། ཨ་མཆོད་རྡ་འདར། གླིང་ཐར་རྒྱ། ཏིང་འཛིན། དགེ་འདུན་སྐྱབས་ཨ་མ། ལྕགས་བྱམས། བསོད་ནམ། པོ་ཏོ་དབྱིངས་མོ། ལྷ་མོ། 
     
དུང་དཀརསྐྱབས་གནས་མཐར་ཐུག་ཅིང་། མངོན་པར་སངས་རྒྱས་ཤོག། བཀྲ་ཤིས་དཔལ་འབར་འཛམ་གླིང་རྒྱན་གྱུར་ཅིགབཀྲ་ཤིས་བར་གྱུར་ཅིགལྕང་ར་དཔོན་པོ་མ་བོ་སྐྱིད་རི་བོ། བློ་་་་་་
      པདྨདགེ་བས་ཐུབ་པའི་བསྟན་པ་སྤྱི་དང་ནི་ཡང་སྙིང་འཇམ་མགོན་རིང་ལུགས་སྲིད་མཐར་དར་ཞིང་དེ་འཛིན་འདུས་སྡེ་རྣམས་རབ་རྒྱས་ཞིང།   བསྟན་ལ་གུས་མཆོད་ལྷུར་ལེན་བྱེད་རྣམས་་་་
      བུམ་པཞིག་ལ་ལེགས་པར་གྲུབ་པ་འདི་ལགས་སོ། ལྷར་བཅས་འགྲོ་བའི་བསོད་རྣམས་ཞིང་གི་དམ་པ་དགའ་ལྡན་བཀྲ་ཤིས་དར་རྒྱས་གླིང་གི་སྡེའི། ཚོགས་ཁྲོ་འདོད་དགུ་དཔལ་འཁྱིལ་འདི་ཉིད་གྲུབ་པའི་
      གསེར་ཉདགེ་བསྐུལ་བླ་བྲང་ཁོང་ཡིན་ཐོགཞལ་ཏ་བ་དགེ་སློང་བློ་བཟང་དོན་གྲུབ་དང་བསྟན་པ་རྒྱ་མཚོ་གཉིས་བསྐོས་ཏེ་རྒྱུ་སོང་དངུལ་སྲིང་བརྒྱ་དང་ལྔ་བཅུ་ལྷག་ཙམ་ཟླ་བ་བཅུ་བའི་གཟའ་ཚེ་ཕྲོད་སྦྱོར་
      རྒྱལ་མཚནའཇམ་དབྱངས་གོང་མ་ཀོང་ཞི་རྒྱལ་བོ་ཁྲི་ལོ་ཉེར་གསུམ་པ་ཏིན་ཡིག་མེ་མོ་བྱའི་ལོ་དགོན་པའི་ཁྲི་ཐོག་པནེའུ་ལུང་སྤྲུལ་མིང་པ་བདག་དང་། དགེ་བསྐུལ་བསྟན་པའི་སྦྱིན་བདག་དཔོན་ཚང་ཨ་གི་ལྕག་ལི་ཨ་མཆོད་བསྟན་འཛིན་མཁར་ཐོ་ཟ་བསྐོ་ཁྲོ་ལི་ཁོ་ཏེ་བྱམས་ནར་མ་སྐྱིད་བྱམས་སྐྱིད་མཚོ་མོ་ཆོས་མོ་པད་མ་སྐྱིད་སྙིང་མོ་ཡག
      འཁོར་ལོལྕག་དོ་དབྱངས་མོ་སྐྱིད་ཀླུ་རྒྱ་ཐར་གནམ་ལ་མཁར་འབུམ་རིས་་་་འོད་ཟེར་བེ་ལི་དཔོན་མོ་ལྷ་རྒྱ་བྱམས་ཚམ་པ་བཟང་བོ་བཀྲ་ཤིས་དང་། ་་་་འཛམ་གླིང་རྒྱན་གྱུར་ཅིག་
      བཞི། སྨོན་ཚིག་གི་ནང་དོན་བཤད་པ། 
     
ཚོགས་ཁྲོ་འདི་ནི་ཁྲི་ཀ་རྫོང་དཀར་བརྗིད་ཞང་ཁོངས་སུ་གནས་པའི་མཆོད་རྟེན་སྐེ་དགོན་པའི་ཡིན་པ་དང་། ཚོགས་ཁྲོའི་ཕྱི་ངོས་སུ་སྐུ་ཡོན་སྦྱོར་མཁན་གྱི་སྦྱིན་བདག་ལྕང་རའི་དཔོན་པོ་གཙོས་སྦྱིན་བདག་རྣམ་པའི་མིང་རིམ་བཞིན་བཀོད་པ་དང་སྦྲགས། ཚོགས་ཁྲོ་འདིར་རྒྱུ་སོང་ག་འདྲ་བཏང་ཚུལ་དང་། འཇམ་དབྱངས་གོང་མ་ཀོང་ཞི་ཁྲི་ལོ་ཉེར་གསུམ་པ་མེ་མོ་བྱའིསྤྱི་ལོ1897ལོ་ལ་དགའ་ལྡན་བཀྲ་ཤིས་དར་རྒྱས་གླིང་གི་ཁྲི་ལས་ཐོག་པ་ནེའུ་ལུང་ཚང་གིས་དབུ་མཛད་དེ་བཞེངས་པར་གསལ་བཤད་དང་། བསྟན་པ་ཡུན་རིང་གནས་ཤིང་། འདུས་སྡེ་རབ་ཏུ་རྒྱས་པ། སྦྱིན་བདག་མངའ་ཐང་དར་བའི་བསྔོ་སྨོན་མཛད་ཡོད། 
     
༡དགའ་ལྡན་བཀྲ་ཤིས་དར་རྒྱས་གླིང་བཤད་པ། 
     
དགའ་ལྡན་བཀྲ་ཤིས་དར་རྒྱས་གླིང་ནི་ཁྲི་ཀའི་དཀར་བརྗིད་ཞང་ཁོངས་ཀྱི་མཆོད་རྟེན་སྐེ་དགོན་པའི་མཚན་ཆ་ཚང་ཡིན་ལ། ཐོག་མའི་མ་དགོན་ནི་དཀར་ཕྱོགས་སྐྱོང་བའི་གཞི་བདག་གཉན་པོ་རྒོད་རྩེའི་ཉེ་འདབས། རྒྱལ་མོ་རིའི་ཞོལ་དུ་ནེའུ་ལུང་སྐུ་ཐོག་གོང་མས་རབ་བྱུང་བཅུ་པའི་དཀྱིལ་ཙམ་ལ་ཚེ་འགུའི་ཀླུ་ཐོ་ཤར་ནས་གསར་དུ་ཕྱག་བཏབ་ཅིང་། དགོན་པའི་མཚན་ལ་བཀྲ་ཤིས་ཆོས་གླིང་ཞེས་གསོལ། རབ་བྱུང་བཅུ་གཉིས་པའི་དཀྱིལ་ཙམ་ལ་ནེའུ་ལུང་སྐུ་ཕྲེང་གསུམ་པ་ངག་དབང་ཚུལ་ཁྲིམས་རྒྱ་མཚོས་དགོན་པ་འདི་སྒོ་མེ་གྲགས་པ་རྒྱ་མཚོར་ཕུལ། སྒོ་མེ་གྲགས་རྒན་ནི་ཧོར་ཀྱཱ་སྡེ་བར་དུས་རབས་བཅུ་བདུན་པའི་སྨད་ཙམ་ལ་འཁྲུངས་ཤིང་། དབུས་སུ་ཕེབས་ཏེ་གཞུང་ལ་སྦྱངས་པས་འབྲས་སྒོ་མང་གི་དགེ་བཤེས་ཆེ་གྲས་སུ་གྱུར། ཀུན་མཁྱེན་གོང་མ་དང་དུས་མཉམ་ཞིང་། མདོ་སྨད་དུ་ཤར་སྐལ་ལྡན་རྒྱ་མཚོའི་ཞབས་ལ་གཏུགས། ཕྱིས་སྐུ་འབུམ་རྒྱུད་པའི་ཁྲི་རབས་བཅུ་གཉིས་པར་བཞུགས། སྤྱི་ལོ1709ལོར་རྐྱེན་དབང་འགའ་ཞིག་གིས་མཆོད་རྟེན་སྐེ་དགོན་པའི་གནས་སྤར་ཅིང་། རྟེན་དང་བརྟེན་པ་མང་དུ་བཞེངས་ཏེ། དགོན་པའི་མཚན་ལ་དགའ་ལྡན་བཀྲ་ཤིས་དར་རྒྱས་གླིང་དུ་གསོལ། མགོན་ཀྱཱ་སྐུ་ཕྲེང་བཞི་བ་ཆོས་བསྟན་རྒྱ་མཚོས་ཕྱི་ལོ1812ལོར་སྐུ་འབུམ་ཁྲི་ལ་བཞུགས་ནས་རིང་བོ་མ་ལོན་པར་དགོན་པ་གྲོང་དང་རྒྱང་ཐག་རིང་སར་གནས་སྤོར་རྒྱུའི་ཐུགས་འདུན་གནང་སྟེ་སྲིད་པ་ཆགས་པའི་ལྷ་དགུའི་ནང་ཚན་རྒོད་རྩེ་རྫ་འདབས་སུ་གནས་སྤོས། ཕྱི་ལོ1871ལོའི་ཧོར་ཟླ་བརྒྱད་པའི་ཚེས་བཅུ་ཉིན་ཟི་ལིང་ལྷོ་སའི་ཇག་དམག་སྟོང་ལྔ་དྲུག་ཙམ་རི་མགོར་བུད་ནས་མི་སེར་རྣམས་དང་ལྷག་པར་དུ་དགོན་པ་འདི་ལ་ཡ་ང་བའི་འཕྲོག་བཅོམ་བྱས། ཕྱིས་མགོན་ཀྱ་སྐུ་ཕྲེང་ལྔ་བ་བློ་བཟང་ཚུལ་ཁྲིམས་རྒྱ་མཚོའི་རིང་ལ་རྒོད་རྩེ་རྫ་འདབས་ནས་རྒྱལ་མོ་རིའི་ཞོལ་མཆོད་རྟེན་སྐེ་ལ་གནས་སྤོས་ཏེ། 1958ལོའི་བར་གཏན་ཆགས་སུ་གནས། དགོན་འདིའི་བླ་མ་ལ་སྒོ་མེ་གྲགས་པ་རྒྱ་མཚོའི་སྐུ་ཕྲེང་རིམ་བྱོན་ཏེ་མགོན་ཀྱཱ་ཚང་དང་། ནེའུ་ལུང་ཚང་། སྟག་ཕྱུག་ཚང་། དགའ་ལྡན་ཚང་། མི་ཉག་ཚང་། ཨ་རིན་ཚང་བཅས་རེས་མོས་ཀྱིས་བཞུགས་ཤིང་། སྐུ་འབུམ་དགོན་གྱི་དགོན་ལག་ཏུ་གཏོགས་པས་ཆོ་ག་ཕྱག་ལེན་ཕལ་ཆེར་སྐུ་འབུམ་དང་མཐུན།  བསྟན་པ་ཡང་དར་ལ་སྔར་གྱི་ཚོགས་ཆེན་འདུ་ཁང་དེ་ཉིད་དཀར་བརྗིད་ཞང་གི་འབྲུ་མཛོད་བྱས་པ་དང་། ཁྱམས་ར་རྔ་ཁང་སུམ་ཐོག་ཅན་བཅས་ལ་རིག་གསར་སྐབས་གནོད་སྐྱོན་མ་བྱུང་བ་གཞིར་བྱས། ནེའུ་ལུང་མཆོག་སྤྲུལ་དང་། མགོན་ཀྱཱ་ཚང་གཉིས་ཀྱིས་མཐུན་རྐྱེན་སྦྱར་ཏེ། རྟེན་དང་བརྟེན་པ་གསར་དུ་བཞེངས་ནས་ད་ལྟ་དགེ་འདུན་ཞལ་གྲངས་བཅུ་ཕྲག་འགས་སྔར་སྲོལ་རྒྱུན་སྐྱོང་བྱེད་མུས་ཀྱི་སྐབས་ལགས་སོ། ། 
     
༢ནེའུ་ལུང་སྤྲུལ་མིང་བ་བཤད་པ། 
     
ནེའུ་ལུང་སྐུ་ཕྲེང་དང་པོ་སྔགས་རམས་པ་ནོ་ཡོན་ཆོས་རྗེ་ནས་དེང་གི་བར་སྐུ་ཕྲེང་བརྒྱད་ཙམ་བྱོན། སྐུ་ཕྲེང་གཉིས་པ་བློ་བཟང་ཚུལ་ཁྲིམས་བསམ་གཏན་རྒྱ་མཚོ་མཆོག་དཀར་བརྗིད་ནེའུ་ལུང་སྡེ་བར་འཁྲུངས་པ་ནས་སྐུ་ཚེ་ཕྲེང་རྒྱུད་ཀྱི་མཚན་གྱི་དབུར་ནེའུ་ལུང་ཞེས་ཐོགས་ཤིང་། ཚོགས་ཁྲོ་འདི་ནི་གོང་མ་ཀོང་ཞི་རྒྱལ་པོའི་ཁྲི་ལོ་ཉེར་གསུམ་པ་རབ་བྱུང་བཅོ་ལྔ་པ་མེ་མོ་བྱ(སྤྱི་ལོ1897)ལོར་བཞེངས་པས། ནེའུ་ལུང་སྐུ་ཕྲེང་རིམ་བྱོན་ལས་ལོ་ཚིགས་ལ་བརྟག་ན། ཚོགས་ཁྲོའི་སྨོན་ཚིག་གི་ནང་དུ་ནེའུ་ལུང་སྤྲུལ་མིང་བ་བདག་ཅེས་བྱུང་བ་ཡང་ནེའུ་ལུང་སྐུ་ཕྲེང་དྲུག་པ་བློ་བཟང་བསྟན་འཛིན་རབ་རྒྱས་མཆོག་དགུང་ལོ་བརྒྱད་བཞེས་དུས་སུ་འཁེལ་ཡོད། ཁོང་ནི་རབ་བྱུང་བཅོ་ལྔ་པའི་ལྕགས་སྟག(སྤྱི་ལོ1890)ལོར་སྒོ་མེ་གཡུ་ཚར་ཡབ་ཁྲོ་རྒྱལ་དང་ཡུམ་མ་ཅིག་སྐྱིད་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། ཁ་རག་སྒོམ་ཆེན་ཞེས་པས་ཁྱེའུ་འདི་གཞན་དང་མི་འདྲ་བས་གཙང་སྦྲ་གལ་ཆེ་ཚུལ་གསུངས་ཤིང་། མཚན་ལ་དཔལ་འབུམ་བཀྲ་ཤིས་ཞེས་བཏགས། ཆུ་བཟང་བློ་བཟང་ཐུབ་བསྟན་བཤད་སྒྲུབ་ཉི་མས་སྐུ་གོང་མའི་ཡང་སྲིད་དུ་ངོས་འཛིན་གནང་། དགུང་ལོ་བདུན་པ་མེ་སྤྲེལ་ལོའི་ཧོར་ཟླ་ལྔ་བར་རང་དགོན་མཆོད་རྟེན་སྐེའི་མི་འཇིགས་གདོང་ལྔས་བཏེགས་པའི་ཁྲིར་བཀོད། དགུང་ལོ་བརྒྱད་པ་མེ་བྱ་ལོའི་ཧོར་ཟླ་དྲུག་པར༧གོང་ས་རྒྱལ་དབང་བཅུ་གསུམ་པའི་རིགས་ཀྱི་ཅོད་པཎ་ཞྭ་དམར་རྡོ་རྗེ་འཆང་དགེ་འདུན་བསྟན་འཛིན་རྒྱ་མཚོ་ལས་རབ་ཏུ་བྱུང་ཞིང་། དབང་ལུང་རྗེས་གསུམ་གྱི་བཀའ་ཆོས་མང་དུ་གསན། ལྕང་རའི་དགེ་བཤེས་བྱང་ཆུབ་དར་རྒྱས་དགེ་རྒན་དུ་བསྟེན་ནས་ཡི་གེའི་ཕྱི་མོ་སུམ་ཅུ་ནས་འདོན་ཆོས་སྤྱོད་ཆོ་གའི་སྐོར་རྣམས་ཐུགས་འཛིན་གནང་། སྐུ་འབུམ་དུ་ཚོགས་ཞུགས་མཛད་དེ་གཞུང་ལ་སྦྱངས། དགུང་ལོ་སོ་ལྔ་པ་ཤིང་བྱི(སྤྱི་ལོ1924)ལོར་སྐུ་གཤེགས་སོ། ། 
     
ལྔ། ཚོགས་ཁྲོ་ལས་འཕྲོས་པའི་བསམ་གཞིགས། 
     
མིང་རྒྱལ་རབས་ཀྱི་གོང་མ་ཡུང་ལོས་ཤར་ཙོང་ཁ་བ་རྒྱལ་ནང་དུ་གདན་འདྲེན་ཡང་ཡང་ཞུས་མཐར། ཤར་ཙོང་ཁ་བས་ཁོང་གི་སྐུ་ཚབ་ཏུ་བུ་སློབ་བྱམས་ཆེན་ཆོས་རྗེ་ཤཱཀྱ་ཡེ་ཤེས་རྒྱལ་ནང་དུ་རྫོང་རྡ་མཛད་ཅིང་། རི་བོ་དགེ་ལུགས་པའི་གྲུབ་མཐའ་རྒྱལ་ནང་དུ་དར་བའི་དབུ་ཚུགས། མདོ་སྨད་ཀྱི་སའི་ཆ་ནི་གནའ་ནས་བཟུང་སྟེ་ཡུལ་དབུས་ལྷ་ས་དང་རྒྱལ་ནང་བར་གྱི་རྒྱུ་ལམ་གལ་ཆེན་ཞིག་ཡིན་པ་ལྟར། སྐྱེས་ཆེན་དམ་པ་མང་པོ་རྒྱལ་ནང་དུ་ཕེབས་ལམ་མདོ་སྨད་ཀྱི་ཡུལ་འདིར་དགོན་པ་དང་རི་ཁྲོད་ཀྱང་མང་དུ་བཏབ་པ་སྟེ། རྨ་ཙོང་ཆུ་བོའི་སྟོད་རྒྱུད་དུ་སྟོང་འཁོར་དགོན་པ་དང་། སྐུ་འབུམ་བྱམས་པ་གླིང་དང་། དགོན་ལུང་དགོན་པ། གསེར་ཁོག་དགོན་པ། ཆུ་བཟང་དགོན་པ། སྨད་རྒྱུད་དུ་བྱ་ཁྱུང་དགོན་པ། མཛོ་མོ་མཁར་དགོན་པ། ཁྭ་ཏི་ཀའི་དགོན་པ། བིས་མདོ་དགོན་པ་སོགས་དགོན་གནས་གསར་འཛིན་དང་། སྔར་ཡོད་དགོན་པ་ཞྭ་བསྒྱུར་གྱིས་དགེ་ལུགས་པའི་དགོན་པ་མང་དུ་འཕེལ། 
     
གནས་སྟངས་དེ་ལྟ་བུའི་འོག་ཏུ་མདོ་སྨད་ཁྲི་ཀའི་ཡུལ་འདིར་ཡང་། མདོ་སྨད་སྒྲུབ་བརྒྱུད་བསྟན་པའི་བདག་པོ་གྲུབ་ཆེན་ཆོས་པ་རིན་པོ་ཆེ་བློ་བཟང་བསྟན་པའི་རྒྱལ་མཚན་ཡབ་སྲས་གཉིས་ཀྱིས་ཁྲེ་ཙེ་མཚམས་ཁང་དང་། དགོན་རོང་བྲག་སྐྱ་རྡོ་རྗེ་རྫོང་། ལྷ་དཀར་པོ་བཅས་དང་། གོང་དགེ་དཀའ་བཅུ་པ་བསོད་ནམས་ལྷུན་གྲུབ་དང་མཚན་སྒྲོགས་དགེ་འདུན་དོན་གྲུབ་གཉིས་ཀྱིས་གོང་བ་གྲྭ་ཚང་ཐོས་བསམ་དར་རྒྱས་གླིང་། བྲག་དཀར་སྔགས་རམས་བློ་བཟང་བསྟན་པ་རབ་རྒྱས་ཀྱིས་མེ་ལོང་མཁའ་སྤྱོད་དཔལ་གྱི་གུར་ཁང་། མི་ཉག་བློ་གྲོས་དར་རྒྱས་ཀྱིས་གདན་ས་སེ་འབྲས་དགེ་གསུམ་གྱི་དོད་དུ་བཞེངས་པའི་དགའ་ལྡན་དར་རྒྱས་གླིང་དང་། མི་ཉག་གྲྭ་ཚང་། ཧོར་ཀྱཱའི་གྲྭ་ཚང་གསུམ། ཅོག་རོང་བཤད་སྒྲུབ་རྒྱ་མཚོས་ཅོག་རོང་གྲྭ་ཚང་དང་རྡོ་རིས་གྲྭ་ཚང་གཉིས། སྟག་རི་བླ་མས་ཐིས་པ་དགོན་པ་དང་། རྙེ་གྲུབ་ཆེན་པས་རྙེ་ལྷུན་གྲུབ་ཆོས་རྫོང་བཅས་ཀྱི་གཞི་བཟུང་པ་སོགས་དུས་རབས་བཅུ་བདུན་ནས་བཅོ་བརྒྱད་ཀྱི་བར་ལ་རི་བོ་དགེ་ལུགས་པའི་གྲུབ་མཐའ་འཛིན་པའི་མཁས་པ་མང་པོ་ཕེབས་ཤིང་། བསྟན་པའི་གཞི་མ་དགོན་སྡེ་ལེགས་པར་བཏབ་པ་དང་། ཆོས་འཆད་ཉན་གྱིས་བུ་སློབ་བསྐྱངས་པ་སོགས་ཀྱིས་ཁྲི་ཀའི་ཡུལ་འདིར་སྔ་རྗེས་སུ་དགེ་ལུགས་པའི་དགོན་སྡེ་མང་དུ་འཕེལ། དེ་དང་མཐུན་པར་གོང་གསལ་གྱི་ཚོགས་ཁྲོ་དག་ཀྱང་སྤྱིའི་ཆ་ནས་ཆིང་རྒྱལ་རབས་སྐབས་སུ་བྱུང་བ་ཤ་སྟག་ཏུ་འདུག་པ་དང་། དུས་སྐབས་འདིར་ཁྲི་ཀའི་ཡུལ་དུ་རི་བོ་དགེ་ལུགས་པའི་དགོན་སྡེ་དར་ཞིང་། ཁྱད་པར་དུ་དགོན་སྡེ་སོ་སོའི་དགེ་འདུན་པའི་ཞལ་གྲངས་ལ་རྩིས་ཐོ་རགས་ཙམ་ཞིག་བྱ་ཐུབ་པ་འདིས་ཀྱང་རི་བོ་དགེ་ལུགས་པ་དར་བའི་རྩེར་སོན་པའི་དུས་སྐབས་ཤིག་ཡིན་ཞེས་སྨྲས་ཀྱང་འགལ་བ་མེད་པར་སྙམ་མོ། ། 

     
༼   མཆན༽
      ནེའུ་ལུང་ཚང་ལ་སྐུ་འབུམ་གདན་རབས་སུ། ཁྲི་ཆེན་རེ་ལྔ་བ་སྐུ་ཕྲེང་གསུམ་པར་བགྲང་མོད། ཁྲི་ཀའི་རིག་གནས་ལོ་རྒྱུས་སུ། སྐུ་ཕྲེང་ལྔ་བར་བརྩིས་པས་བརྟག་བྱར་ལུས།  འདིར་ཁྲི་ཀའི་རིག་གནས་ལོ་རྒྱུས་གཞིར་བཟུང་ནས་བཀོད་པ་ཡིན།  

 

Contents

About

Collection Modern Writing from Qinghai Province
Visibility Public - accessible to all site users (default)
Author གླིང་ཚ་སྙིང་རྒྱལ་འབུམ།
Year published 2021
Language Tibetan
Places